༢༠༡༠ གསར་མཛོད།

ཚེ་རིང་པོར་ཤིས་བརྗོད།

༄༅། །ཉེ་ཆར་ཡུ་རོབ་ཁུལ་གྱི་ངའི་སློབ་མ་དང་གྲོགས་པོ། རྡོར་གླིང་འབྲུག་སྒར་ཐུབ་བསྟན་གསང་སྔགས་ཆོས་གླིང་དགོན་གྱི་འདུས་སྡེ། དེ་བཞིན་སློབ་འབངས་མང་པོ་ཞིག་ནས་ང་ལ་བརྟན་བཞུགས་གཟབ་རྒྱས་ཤིག་འདེགས་འབུལ་མཛད་སྒོ་ཞིག་གོ་སྒྲིག་ཞུས་པ་རེད།

ཧ་ལས་པ་ཞིག་ལ་འབྲུག་སྒར་གསང་སྔགས་ཆོས་གླིང་དགོན་གྱི་གྲྭ་གཞོན་རྣམས་ནས་ང་ལ་བཞུགས་ཁྲི་རིན་ཆེན་ཞིག་ཕུལ་བྱུང་བ་དང༌། ཡང་གྲོགས་པོ་འགའ་ཞིག་ནས་ང་ལ་མོ་ཏྲ་ཤིན་ཏུ་རིན་གོང་ཆེན་པོ་ཞིག་ཀྱང་ཕུལ་བྱུང༌། ལོ་ཤས་གོང་ལ་དྭགས་སུ་བརྟན་བཞུགས་མཛད་སྒོ་ཞིག་གི་སྐབས་ལ་དྭགས་ཀྱི་དད་ལྡན་སློབ་འབངས་ནས་ང་ལ་སྤྲོ་ཉམས་ཆེད་མོ་ཏྲ་རིན་ཆེན་ཞིག་ཕུལ་བྱུང༌། ད་ཆ་ང་ཚེ་རིང་པོ་མ་བསྡད་ན་ཁོང་ཚང་མ་བློ་ཕམ་ཡོང་གི་རེད། མ་རེད་དམ། ཁོང་རྣམས་ནས་སྙིང་ཐག་པ་ནས་བརྟན་བཞུགས་ཕུལ་བ་སོང་ཙང༌། ང་ལ་འདམ་ཁ་ཡོད་ན་ང་ཚེ་རིང་པོ་སྡོད་དགོས་ཀྱི་རེད། ངས་དྲང་པོ་བྱེད་དགོས་ཀྱི་རེད། ངའི་གྲོགས་པོ་མང་པོས་འཛམ་གླིང་འདི་ནང་མི་དྲང་བདེན་ཁྱེད་རང་གཅིག་པུ་རེད་ཟེར་བརྗོད་ཀྱི་ཡོད། དེ་འདྲ་ཡིན་ན། ང་རང་ངོས་ནས་ཀྱང་གྲགས་གཏམ་དེ་སྲུང་དགོས་ཀྱི་རེད་ལ་ཚེ་རིང་པོ་སྡོད་ཐབས་བྱེད་དགོས་ཀྱི་རེད། དེ་འདྲ་སོང་ཙང་ཁྱེད་ཚང་མ་དགའ་བ་སྐྱེད་དེ་ང་ཚེ་རིང་པོ་ཡོང་བའི་ཐབས་ཤེས་གང་ཡོད་བྱེད་རོགས།

ལྷག་པར་དུ་ངས་ཀྱང་ད་ལྟ་འཚོ་ཞིང་བཞུགས་པའི་བླ་མ་སྐྱེས་ཆེན་མཚན་ལྡན་རྣམས་སྐུ་ཚེ་ཞབས་པད་བརྟན་པའི་སྨོན་ལམ་འདེབས་དགོས་ཀྱི་རེད། བླ་མ་མཚན་ལྡན་ཐོབ་པར་དཀའ་ལས་ཇི་ཙམ་ཡོད་ཁྱེད་ཚོ་མང་པོ་ཞིག་ལ་རྒྱུས་མངའ་ཡོད་ཀྱི་མ་རེད། བླ་མ་མཚན་ལྡན་ནི་ལམ་སྟོན་པའི་སྒྲོན་མེ་ལྟ་བུ་ཡིན་ཅིང༌། ཁོང་གི་བསྒྲུབ་བྱ་གཙོ་བོ་ནི་ང་ཚོ་ཚང་མར་ཐར་པ་ཆེན་པོའི་ལམ་བསྟན་རྒྱུ་དེ་རེད། དེ་ལས་ལྷག་པ་གང་ཡང་ཡོད་མ་རེད། བླ་མ་མཚན་ལྡན་ཐོབ་ཅིང་དེའི་རྗེས་སུ་འཇུག་པའི་སྤྲོ་བ་ནི་བརྗོད་པར་དཀའ་བ་ཞིག་ཡིན། མི་མང་པོ་ཞིག་ནས་སྙིགས་མའི་དུས་འདིར་བླ་མ་མཚན་ལྡན་ལྟ་ཕར་བཞག་བླ་མ་དྲང་པོ་ཞིག་མཇལ་རྒྱུ་ཡང་ཁག་པོ་ཡིན་པར་བསམ་ཀྱི་ཡོད་རུང༌། ང་རང་ཚེ་འདིར་བླ་མ་མཚན་ལྡན་མང་པོ་ཞིག་དང་མཇལ་བ་ནི་བསོད་ནམས་ཆེན་པོར་སེམས་ཤིང་ཡོད།

ང་ལ་བརྟན་བཞུགས་ཕུལ་བ་དེ་དག་ཐམས་ཅད་ངའི་རྩ་བའི་བླ་མ་རྣམས་སྐུ་ཚེ་ཞབས་པད་བརྟན་ཕྱིར་བསྔོ་བཞིན་ཡོད། ངས་རྒྱུན་དུ་རང་གི་རྩ་བའི་བླ་མ་རྣམས་ནི་ཤིན་ཏུ་རྩ་ཆེན་ཡིན་པས། མཚན་སྨྲོས་པའམ་འབྲི་བ་ནི་མ་གུས་པའི་རྣམ་འགྱུར་རེད་ཅེས་བརྗོད་ཀྱི་ཡོད་རུང༌། རང་ཉིད་ཀྱི་ཆེ་བའི་ཆེད་བེད་སྤྱོད་ལོག་པར་མ་བྱས་ན་ཁོང་རྣམས་ཀྱི་མཚན་སྐབས་སྐབས་ལ་སྨྲོས་ནའང་སྐྱོན་ཡོད་ཀྱི་མ་རེད་བསམ་གྱིས།

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་ངས་མཇལ་བའི་རྩ་བའི་བླ་མ་ཐུགས་བརྩེ་ཆེ་ཤོས་ཤིག་ཡིན། ངས་རྒྱུན་དུ་ཁོང་གི་མཚན་སྟོན་གྱི་མེད། དེ་གང་ཡིན་ཟེར་ན། ཁོང་ནི་ཤིན་ཏུ་སྙན་གྲགས་ཆེན་པོ་སོང་ཙང་ཁོང་ངའི་རྩ་བའི་བླ་ཡིན་ཞེས་བརྗོད་སྐབས་བསམ་བཞིན་མ་ཡིན་པར་རང་ཉིད་ཆེ་བསྟོད་ཆེད་ཁོང་གི་མཚན་སྨྲོས་པ་ལྟ་བུར་འགྱུར་བའི་ཉེན་ཁ་ཡོད། ངོས་གཉིས་ཀྱི་འབྲེལ་བ་ནི་ཆོས་ཀྱི་འབྲེལ་བ་གཙང་མ་ཞིག་ལས་ཐོབ་དང༌། གྲགས་པ། ཆབ་སྲིད་སོགས་དང་འབྲེལ་བ་གང་ཡང་མེད་པ་ཞིག་ཡིན་ཅིང༌། ང་དུར་སར་མ་བསླེབ་བར་ངས་འབྲེལ་བ་དེ་སྲུང་རྒྱུ་ཡིན། ཁོང་གི་མཁྱེན་ཡོན་དང་སྙིང་རྗེ་ལས་ངས་ཚེ་འདི་ཙམ་མ་ཡིན་པར་ཚེ་རབས་མང་པོར་ཇི་ཙམ་ཤེས་ཡོད་ནི་བརྗོད་པར་དཀའ་བ་ཞིག་རེད། རང་གི་རྩ་བའི་བླ་མ་དང་ཆོས་ཀྱི་འབྲེལ་བའི་རིན་ཐང་བརྩི་ཤེས་ན། དེ་ནི་རིན་ཐང་བྲལ་བའི་ནོར་བུ་ཞིག་བརྙེད་པ་ལྟ་བུ་བརླག་འདོད་མེད་པ་ཞིག་ཡིན་པས། རྐུན་པོས་མི་འཁྱེར་བ་དང༌། བོར་བརླག་མི་འགྲོ་བ། དྲི་མ་འགོས་པའི་ཆེད་སེམས་ཀྱི་གཏིང་དུ་ཉར་ཚགས་བྱེད་དགོས་པ་རེད། བསམ་བློ་འདི་བྱབ་ཆུང་ལྟ་བུ་མཐོང་གི་ཡོད་འགྲོ། ང་ནི་ང་རང་གང་ཡིན་པ་དེ་རེད། ཁོང་ད་ཆ་དགུང་ལོ་མཐོན་པོར་ཕེབས་སྟབས་ངས་སྐུ་ཚེ་ཞབས་པད་བརྟན་པའི་སྨོན་ལམ་ཉིན་ལྟར་འདེབས་བཞིན་ཡོད། ཁོང་ནས་བོད་མི་དང་འགྲོ་བ་སྤྱིའི་ཕྱིར་དགུང་གྲངས་བརྒྱ་ལྷག་བཞུགས་རྒྱུའི་ཐུགས་འདུན་ཆེན་པོ་གནང་བཞིན་ཡོད་པ་འདི་ནི་རང་ཅག་རྣམས་ཀྱི་བསོད་བདེ་ཡིན་པས་དེ་ལྟར་གྱི་ཐུགས་བཞེད་འགྲུབ་པར་བགེགས་བར་མི་ཡོང་བའི་སྨོན་ལམ་ང་ཚོ་ཚང་མས་བཏབ་དགོས་ཀྱི་རེད། ངས་ཀྱང་༧གོང་ས་ཆེན་པོ་སྐུ་ཚེ་ཞབས་པད་བརྟན་པའི་སྨོན་ལམ་འདེབས་བཞིན་དགེ་བའི་ལས་ཀུན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྐུ་ཚེ་ཞབས་པད་བརྟན་ཕྱིར་བསྔོ་བཞིན་ཡོད།

ང་ད་ལྟ་ང་ཚོའི་སྒྲུབ་གྲ་ནས་ལོག་ཙམ་ཡིན་ཅིང༌། སྒྲུབ་གྲ་བ་རྣམས་ཐུག་ནས་དགའ་སྤྲོ་ཆེན་པོ་བྱུང་ལ་ཁོང་ཚོ་འགའ་ཞིག་ལ་སྙིང་ཁྲིད་ཀྱང་བྱས་པ་ཡིན། ཁོང་ཚོ་འགའ་ཤས་རང་ལོ་བཅུ་ཐོག་གི་ན་གཞོན་ཡིན་རུང༌། ཉུང་མཐར་ཡང་ལོ་དྲུག་མཚམས་ལ་སྡོད་འདུན་འདུག་པ་དེ་ནི་ཧ་ལས་པ་ཞིག་ཡིན་ཅིང༌། སོ་སྐྱེ་ང་ཚོ་ལྟ་བུའི་བསམ་ཡུལ་ལས་འདས་པ་ཞིག་རེད། དེ་ནི་རྒྱལ་མཚན་སྤྲུལ་སྐུ་རིན་པོ་ཆེས་ཁོང་ཚོར་ལམ་སྟོན་རྒྱབ་བསྐྱོར་གནང་བའི་བཀྲིན་གྱིས་རེད། མཚམས་པ་གཞོན་སྐྱེས་དེ་རྣམས་ཤིནྟུ་སྐྱིད་སྣང་ཆེན་པོ་འདུག་ཅིང་ཁོང་ཚོའི་ཀུན་སློང་བཟང་པོ་དེས་ང་རང་བློ་བདེ་བག་ཕེབས་བྱུང་ལ། ཉིན་གཅིག་ང་རང་ཡང་ཁོང་ཚོ་ལྟ་བུ་བྱེད་ཐུབ་པའི་གསང་བའི་སྨོན་ལམ་འདེབས་བཞིན་ཡོད། ང་རང་བླ་མ་ཡིན་པ་དང་ཁོང་ཚོའི་བླ་མ་ཡིན་པའི་ཆ་ནས་གཏམ་འདི་ཁྱད་མཚར་ཞིག་ཡིན་ཅིང་ངས་ཟེར་མི་རུང་བ་འདྲ་ཞིག་རེད། དྲང་པོར་བརྗོད་ན། ཁོང་ཚོ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མགྱོགས་ནས་མྱུར་དུ་འཚང་རྒྱ་བའི་ཕྱིར་མཚམས་ལ་སྡོད་རྒྱུའི་དམ་བཅའ་དང༌། འདུན་པ། ཀུན་སློང་བཅས་ལྷད་མེད་པ་ཞིག་རེད། ང་ཁོང་ཚོར་དགའ་བ་སྒོམ་ཞིང༌། ངས་ཁོང་ཚོར་རྒྱབ་བསྐྱོར་དང་ཁོང་ཚོས་ང་ལ་རྒྱབ་བསྐྱོར་ཕྱིར་ངས་ཞར་དང་ཞོར་ལ་ཁོང་ཚོ་ཐུག་འཕྲད་དང་ཁོང་ཚོ་མཉམ་དུ་སྡོད་རྒྱུ་ཡིན། འདི་ནི་ཕན་ཚུན་གཉིས་ཕན་ཡིན།

འདི་བཀླག་པ་པོ་རྣམས་ནས་མཁྱེན་དགོས་པ་ཞིག་ལ་ང་ཚོའི་ཆོས་བརྒྱུད་འདི་ནི་བསྒྲུབ་པ་གཙོ་བོར་བྱེད་པའི་རྣལ་འབྱོར་གྱི་བརྒྱུད་པ་ཅིག་ཡིན། སྐབས་ཤིག་ལ་བརྒྱུད་པ་འདི་ཉམས་བརླག་འགྲོ་གི་འདུག་བསམ་པའི་ང་ལ་སེམས་ཕྲེང་ཆེན་པོ་བྱུང༌། འོན་ཀྱང་ད་ཆ་ཉམས་པ་སླར་གསོ་ཡོང་བཞིན་འདུག་པ་ནི་སྦུབས་ལམ་གྱི་མཐར་འོད་མདངས་འཕྲོ་བ་ལྟ་བུ་རེད།

སྒྲུབ་གྲར་མཚམས་པ་རྣམས་ཐུག་འཕྲད་ཞོར་དུ་རླུང་དར་བརྒྱ་ཕྲག་མང་པོ་བཙུགས་པ་མཐོང་ཞིང༌། དེ་ནི་སྒྲུབ་དཔོན་ངག་དབང་གིས་ངའི་ཞབས་བརྟན་ཆེད་བཙུགས་པ་རེད་འདུག འདི་ནི་འཛམ་གླིང་འདི་ནང་སྐྱེས་ཆེན་དམ་པ་གང་ན་སུ་བཞུགས་སྐུ་ཚེ་ཞབས་པད་བརྟན་ཕྱིར་བསྔོ་བར་འོས་པ་ཞིག་རེད། ང་ཚོས་བསངས་མཆོད་ཕུལ་བར་རྟགས་མཚན་ལེགས་པོ་ཡང་མངོན་བྱུང༌། སྤྱིར་ང་རང་རྨོངས་དད་ཅན་མིན་སྟབས་འདི་སྐོར་ཞིབ་རྒྱས་བརྗོད་རྒྱུ་མིན། གང་ལྟར་ཡང༌། ང་ཚོ་ཚང་མ་སྐྱིད་པོ་བྱུང་ཞིང་ལས་འབྲེལ་བཟང་པོ་ཞིག་བསྐྲུན་པ་རེད།།

You are here: མདུན་ངོས། གསར་གནས། ༢༠༡༠ གསར་མཛོད། ཚེ་རིང་པོར་ཤིས་བརྗོད།