༢༠༡༠ གསར་མཛོད།

མདུན་བསྐྱོད་བྱའོ།

གུ་རུ་རིན་པོ་ཆེས་ཆོས་རྒྱལ་གདུང་བརྒྱུད་མ་སྟོང་བར་བྱིན་གྱིས་བརླབ་རྒྱུའི་ཞལ་བཞེས་ཡང་ཡང་གནང་ཡོད། ལ་དྭགས་ཆོས་རྒྱལ་འཕྲིན་ལས་རྣམ་རྒྱལ་ནི་ཁྲི་སྲོང་སྡེའུ་བཙན་གྱི་གདུང་བརྒྱུད་འཁྲུལ་མེད་ཡིན་ཅིང༌། བར་ལམ་ཁོང་སྐུ་ཁམས་བདེ་མིན་གྱི་གནས་ཚུལ་ཐོས་འཕྲལ་ཕྲན་རང་ལ་དྭགས་སུ་ཁོང་མཇལ་ཕྲད་ལ་བསྐྱོད་དེ་ཆུ་ཚོད་གཉིས་ཙམ་རྗེས་ཕྱིར་ལོག་བྱས་པ་ཡིན།

ཆོས་རྒྱལ་མཆོག་ནི་ངའི་གྲོགས་པོ་རྙིང་པ་ཡིན་པས་ཁོང་ལ་གུས་བཀུར་དང་བརྩེ་བའི་སྒོ་ནས་ལ་དྭགས་སུ་ཕྱིན་པ་ཡིན་ཅིང༌། ཕྲན་རང་ལ་དྭགས་སུ་འདི་འདྲའི་དུས་ཚོད་ཐུང་ཐུང་ཞིག་གི་ཆེད་བསྐྱོད་པ་ད་ཐེངས་དང་པོ་ཡིན། དེ་ཡང་འབྲས་ལྗོངས་གོམ་འགྲོས་གནས་སྐོར་གྱི་མཛད་རིམ་འགོ་འཛུགས་མཚམས་ལ་འཁེལ་སྟབས་ངོས་རང་ལ་དྭགས་སུ་ཡུན་ཙམ་སྡོད་འདོད་ཀྱང་བྱེད་ཐབས་མི་འདུག ངོས་རང་ཁོང་མཇལ་ནས་དགའ་པོ་བྱུང་ཞིང་ཁོང་ཡང་ང་ཐུག་ནས་དགའ་པོ་བྱུང་རེ་ཡིན། ཁོང་གི་སྙུང་གཞི་ལྕི་པོ་ཡོད་རུང་གཟུག་ཟེར་མི་འདུག ཁོང་ངའི་གྲོགས་པོ་ཡིན་པའི་ཆ་ཙམ་གྱིས་གནས་ཚུལ་འདི་བྲིས་པ་མིན་ལ། ངེད་རང་གུ་རུ་རིན་པོ་ཆེའི་བཀའ་ལ་ཡིད་ཆེས་དང་ཁོང་ཆོས་རྒྱལ་ཁྲི་སྲོང་སྡེའུ་བཙན་གྱི་གདུང་བརྒྱུད་འཁྲུལ་མེད་ཡིན་པས་ཁོང་ལ་གུ་རུའི་བྱིན་རླབས་འཇུག་ཡོད་པའི་ཡིད་ཆེས་ཀྱིས་བྲིས་པ་ཡིན།

ད་ཆ་ང་འབྲས་ལྗོངས་གོམ་འགྲོས་གནས་སྐོར་གྱི་གྲ་སྒྲིག་དང་ལས་རིམ་ཁག་འགྲུབ་ཐབས་བྱེད་བཞིན་ཡོད། གང་འདྲ་ཡོང་མིན་བལྟ་རྒྱུ་རེད། ངའི་སློབ་མ་དང་གྲོགས་པོ། ལྷག་པར་དུ་ངའི་ལས་ཁུངས་བརྒྱུད་ནས་ལས་འགན་སྤྲད་པའི་འབྲུག་པ་དཔེ་བསྐྲུན་ཁང་བཅས་ནས་གྲ་སྒྲིག་གང་ལེགས་བསྒྲུབས་ཡོད་བཟོ་འདུག སྔོན་ལོ་ལ་དྭགས་གོམ་འགྲོས་གནས་སྐོར་སྐབས་བཞིན་ད་ལམ་ཡང་ངས་རིག་འཛིན་རྣམ་རྒྱལ་ལ་གནས་སྐོར་གོ་སྒྲིག་བྱེད་དགོས་འབོད་བསྐུལ་བྱས་པ་ཡིན། རིག་འཛིན་རྣམ་རྒྱལ་དང་བློ་གྲོས་གཉིས་ནས་ང་ཚོར་སྟབས་བདེ་གང་ཡོང་བྱེད་ཀྱི་རེད། སླད་ནས་ཁོང་གཉིས་ལ་ས་ཡུལ་ཆ་རྒྱུས་མེད་སར་འདི་འདྲའི་དཀའ་ཚེགས་ཆེ་བའི་གོ་སྒྲིག་བྱེད་རྒྱུའི་བསྐུལ་མ་བྱེད་རུང་གི་མེད་ནའང༌། ད་ལམ་རེ་བསྐུལ་བྱས་ཟིན་སྟབས་ངས་ཁོང་གཉིས་ལ་དགོངས་སེལ་ཞུ་རྒྱུ་ཡིན།

ད་རེས་འབྲས་ལྗོངས་གོམ་འགྲོས་གནས་སྐོར་དུ་དམིགས་བསལ་སྐུ་མགྲོན་གཉིས་ཡོད་པ་ནི་རྒྱལ་བ་ལོ་རས་པ་དང་འབྲུག་པ་ཡོངས་འཛིན་རིན་པོ་ཆེ་རྣམ་གཉིས་ཡིན། Drukpa Facebook དང་དེ་མིན་རྒྱུད་ལམ་ཁག་ནས་དུས་བསྟུན་གནས་ཚུལ་ཁ་སྐོང་ཡོང་མདོག་ཁ་པོ་རེད།

གོམ་འགྲོས་ནས་ཚུར་མ་ལོག་བར་འདི་ཙམ་ཡིན་པས། ཁྱེད་རྣམས་སྐུ་གཟུགས་ཐུགས་བཅག་གནང་རོགས། ད་ནི་མདུན་བསྐྱོད་བྱས་ཏེ་གོམ་འགྲོས་གནས་སྐོར་དང་ཕྱི་ལོ་གསར་ཚེས་ཀྱི་གྲ་སྒྲིག་བྱེད་དོ།