༢༠༡༠ གསར་མཛོད།

རང་བྱུང་ཁམས་དང་སྦྲེལ་བ།

༄༅། །མི་འགའ་ཤས་ཀྱིས་ང་ལ། ཁྱོད་ཀྱིས་རང་གི་གྲོགས་པོ་དང་སློབ་མ་རྣམས་ལ་གོམ་བགྲོད་གནས་སྐོར་དང༌། སྔོན་འགྲོ་གཏོང་བ། ལྡུམ་ར་བཟོ་བ་སོགས་ལུས་ངལ་ཅིའི་ཕྱིར་བྱེད་བཅུག་གི་ཡོད་དམ། ཟེར་བ་སོགས་དྲི་བ་ཁྱད་མཚར་དེ་འདྲ་དྲི་ཡི་འདུག རྣམ་ཀུན་ངས་འཛུམ་མུལ་ཙམ་བྱས་ཏེ་སྡོད་ཀྱི་ཡོད། དེང་དུས་ཀྱི་མི་རྣམས་དྲི་བ་ཁྱད་མཚར་འདི་འདྲ་ཅི་ཕྱིར་དྲི་ཡི་ཡོད་དམ་བསམ་པ་དྲན་གྱིས། ལོ་བརྒྱ་ཕྲག་སྔོན་ང་ཚོར་སྟབས་བདེ་བསྐྲུན་པའི་དེང་དུས་ཀྱི་འཕྲུལ་ཆས་རྣམས་མེད་པ་རེད། མཁོ་སྤྱད་འདི་ཚོས་ང་ཚོར་དགེ་ཕན་ག་རེ་བྱུང་ཡོད་དམ། ཕྱི་དངོས་པོའི་ཆ་ནས་ང་ཚོར་མཐུན་རྐྱེན་བཟང་དུ་ཕྱིན་ཡོད་རེད། ང་ཚོས་ལམ་དོག་པོའི་སྒང་མི་གོམ་འགྲུལ་བྱེད་པའམ། ལག་པས་གོས་འཁྲུ་བ། སྔོ་ཚལ་བཏུབ་བཞིན་པ་སོགས་ཀྱི་པར་རྙིང་པའི་རིགས་མཐོང་དུས་ང་ཚོ་བསོད་བདེ་ཆེན་པོ་རེད་སེམས་ཀྱི་ཡོད་ཀྱང༌། ནང་སེམས་ཀྱི་ཆ་ནས་དེ་འདྲ་དངོས་འབྲེལ་ཡིན་ནམ།

ང་ཚོ་གང་ལས་བག་ཚ་བ་དང༌། ང་ཚོའི་སེམས་ནི་རྟ་རྒོད་བཞིན་སྡོད་ཚུགས་མེད་ཅིང། ང་ཚོ་ཞི་བདེ་བག་ཕེབས་མེད། ཉེ་ཆར་ངས་འབྲུག་ཨ་མི་ཏ་བྷ་རི་བོར་དྲྭ་རྒྱ་བལྟ་ཀློག་བྱེད་རྒྱུར་དུས་བཀག་བཟོས་པ་ཡིན། གང་ཡིན་ཟེར་ན། དེང་དུས་ཀྱི་འཕྲིན་ལམ་འདི་རིགས་ངན་ལང་ཤོར་ཆེ་བ་དང༌། དུས་ཚོད་ཆུད་ཟོས་གཏོང་མཁན་ཞིག་ཏུ་འགྱུར་བཟོ་འདུག ང་རང་ཡང་སྐབས་རེ་ཆུ་ཚོད་མང་པོ་རྩིས་རྒྱག་འཕྲུལ་འཁོར་ལ་མགོ་འཁོར་ཏེ་ལུས་ཀྱི་འདུག་ཀྱང་མཐའ་མ་ཐོབ་རྒྱུ་ནི་གང་ཡང་མི་འདུག རྩིས་རྒྱག་འཕྲུལ་འཁོར་གྱི་འཇིག་རྟེན་ལ་མངོན་སྣང་གི་འཇིག་རྟེན་ཞེས་འབོད་པ་ནི་དོན་ལ་གནས་པ་ཞིག་རེད། གང་ཡིན་ཟེར་ན་མངོན་སུམ་ལྟར་སྣང་བ་ནི་འཁྲུལ་སྣང་ཡིན་པ་ལས། དེ་ནི་དོན་དམ་མ་རེད། འཛམ་གླིང་ཡོངས་འཆར་སྣང་ལ་མགོ་འཁོར་ཡོད་པ་རེད། ངའི་གྲོགས་པོ་ཁ་ཅིག་མངོན་སྣང་གི་ཤིང་སྡོད་འདེབས་རྒྱུར་ངན་ལང་ཤོར་བ་དང༌། ཁ་ཅིག་གཅེས་ཉར་སྲོག་ཆགས་བདག་ཉར་བྱེད་པ། ཁ་ཅིག་ནི་མངོན་སྣང་ཚོང་གཉེར་བྱེད་པ་སོགས་བྱེད་ཅིང༌། བལྟ་དུས་སྙིང་རྗེ་པོ་འདྲ་ཞིག་ཡོད་ཀྱང་ཉེན་ཁ་ཆེན་པོ་རེད། འབྲེལ་བ་བྱེད་པར་མི་དངོས་སུ་ཐུག་མི་དགོས་པར་རྩིས་རྒྱག་འཕྲུལ་འཁོར་རམ། ལག་འཁྱེར་ཁ་པར་སོགས་འཕྲུལ་ཆས་འདྲ་མིན་བརྒྱུད་གྲོགས་པོ་དང་གནས་འཕྲིན་བརྗེ་ལེན་བྱེད་པའམ་གཏམ་གླེང་བྱེད་ཀྱི་ཡོད་ཅིང༌། འདི་རིགས་གྲོགས་འགའ་ནི་རྩ་ནས་མཐོང་ཐུག་བྱེད་མྱོང་མེད་པ་རེད། ངའི་གྲོགས་པོ་ཁ་ཤས་ལ་ཆ་རྒྱུས་རྩ་ནས་མེད་པའི་གྲོགས་པོ་སྟོང་ཕྲག་མང་པོ་འདུག འདི་འདྲའི་འཇིག་རྟེན་ཡ་མཚན་པ་ལ། འཕྲུལ་རྩལ་འདི་རིགས་ང་ཚོས་དབང་དུ་བསྡུས་ནས་བེད་སྤྱོད་བྱེད་དགོས་པ་ལས་འདིའི་ལྡོག་ཕྱོགས་སུ་འགྲོ་མི་ཉན། གལ་ཏེ་ང་ཚོས་རང་ཉིད་བཅུན་ཏེ་ངན་པ་ལང་ཤོར་སྔོན་འགོག་བྱེད་ཐུབ་ཀྱི་མེད་ན་གཟབ་གཟབ་བྱེད་དགོས་པ་དང་དྲན་ཤེས་བརྟན་པོ་དགོས་ཀྱི་རེད། ངན་ལང་གི་རིགས་ནི་ཅི་ཡིན་རུང་ཡག་པོ་ཡོད་མ་རེད།

འཁོར་གྱིས་བཟོས་པའི་མི་མིན་སྟབས་མི་གཞན་དང༌། དེ་བཞིན་རང་བྱུང་ཁམས་དང་དངོས་སུ་འབྲེལ་བ་བྱས་ཏེ་ང་ཚོ་རང་བྱུང་ཁམས་ཀྱི་ཆ་ཤས་ཤིག་ཡིན་པ་ཤེས་དགོས། རང་གིས་རང་ལ་བརྟགས་དཔྱད་ཡག་པོ་བྱེད་དང༌། ལས་ཁུངས་སུ་བསླེབས་ནས་སམ། མལ་ཁང་ནང་འཛུལ་ནས་ག་རེ་བྱེད་ཀྱི་ཡོད། རང་གི་ཕ་མ་དང༌། མཛའ་རོགས། གྲོགས་རོགས་བཅས་དང་ཁ་ལབ་བཟང་པོ་ཞིག་བྱེད་ཀྱི་འདུག་གམ། ལྡུམ་རའམ་གླིང་གའི་ནང་ཕྱིན་ཏེ་རང་བྱུང་དལ་རླུང་དེ་འཚོར་གྱི་འདུག་གམ། ཤིང་སྡོང་དང་མེ་ཏོག་གི་ཚོན་མདོག་མཚར་པོ་མཐོང་དུས་སྤྲོ་བ་སྒོམ་ཐུབ་ཀྱི་འདུག་གམ། ཡང་དེ་ལས་ལྡོག་ཏེ། འཕྲལ་དུ་རྩིས་རྒྱག་འཕྲུལ་འཁོར་ཁ་ཕྱེ་ཏེ་གློག་འཕྲིན་དང་བརྡ་ལན་རིགས་ཡོད་མིན་བལྟ་ཡི་ཡོད་དམ། ཡང་ན་མོ་ཊ་གཏོང་དུས་རིག་པ་སྒྲིམ་ནས་གཏོང་གི་འདུག་གམ་མོ་ཊ་གཏོང་བཞིན་ལག་འཁྱེར་ཁ་པར་ཐོག་སྐད་ཆ་ཤོད་པའམ་བརྡ་ལན་གཏོང་གི་འདུག་གམ། མངོན་སྣང་གི་བྱ་སྤྱོད་འདི་རིགས་ཀྱིས་ང་ཚོ་ད་ལྟའི་དངོས་ཡོད་དང་རང་གཤིས་ལས་འགྱང་ཐག་རིང་དུ་གཏོང་གི་ཡོད་རེད།

དེར་བརྟེན་ངས་བདུན་ཕྲག་སྔོན་མ་བཙུན་མ་བརྒྱ་ཕྲག་ཁ་ཤས་འཁྲིད་དེ་ཀ་ཐ་མཎ་དྲུ་ཡུལ་གཤོངས་ཀྱི་རི་བོ་མཐོ་ཤོས་གྲས་ཡིན་པ་གོ་ཀར་ན་ཞེས་པར་གོམ་འགྲོས་བྱས་པ་ཡིན། དེ་ནི་འབྲས་ལྗོངས་གོམ་འགྲོས་གནས་སྐོར་གྱི་སྔོན་འགྲོའི་གྲ་སྒྲིག་ཙམ་མིན་པར་ལུས་སེམས་ˆེལ་བའི་སྒོམ་རྩལ་སྦྱོང་ཐབས་ཤིག་ཀྱང་ཡིན། དེའི་ཞོར་དུ་ང་ཚོས་གད་སྙིགས་རུབ་པ་ཡིན། ང་ཚོས་གངས་རི་མཐོ་པོ་འདི་ལྟ་བུ་གཙང་མ་དང་ཞི་འཇམ་ཡོད་ཤག་བྱེད་ཀྱི་ཡོད་ཀྱང༌། དོན་དངོས་ལ་མི་ཚོས་རང་བྱུང་ཁོར་ཡུག་ལ་བརྩི་མཐོང་མ་བྱས་པར། གང་སར་ཆུ་ཤོག་དང༌། འགྱིག་ཤོག་འཐུམ་ཁུག ཆུ་སྣོད་ཤེལ་དམ་སོགས་གཡུག་འདུག ང་ཚོས་རུབ་པའི་གད་སྙིགས་ཀྱི་འབོར་གྲངས་མཐོང་ནས་ང་ཧ་ལས་བྱུང༌། ཇི་སྲིད་མིའི་བསམ་བློར་འགྱུར་བ་མ་ཕྱིན་བར་དང༌། ནང་སེམས་ཀྱི་འཚོ་བ་དང་བསམ་ཤེས་ལེགས་བཅོས་མ་བྱས་བར་མི་ཁ་ཅིག་གིས་གཙང་མ་ཇི་ཙམ་བཟོས་ཀྱང་ཁོར་ཡུག་གཙང་མ་ཆགས་ཐབས་མེད། འཛམ་གླིང་འདི་བཟང་པོ་དང༌། སྔོ་ལྗང་ཅན། བདེ་སྐྱིད་ལྡན་པ་བཅས་ཡོང་ཆེད་ང་ཚོ་ཙམ་མ་ཟད་མི་ཀུན་ནས་སློབ་གསོ་དང་ལས་འགུལ་མང་ཙམ་སྤེལ་དགོས།

གོམ་འགྲོས་གནས་སྐོར་འདི་བཞིན་བསྙེན་མཚམས་ཕན་ཡོན་ལྡན་པ་ཞིག་ལ་བརྩི་དགོས་པས། གོམ་འགྲོས་གནས་སྐོར་འདི་ནང་ཞུགས་མཁན་ཚོས་རེ་བ་ཁྱད་མཚར་རིགས་བྱེད་རྒྱུ་མེད། ངའི་ལས་ཁུངས་ནས་མི་མང་པོ་ཞིག་གི་མིང་དེབ་བསྐྱེལ་བྱེད་རྒྱུ་ངོས་ལེན་བྱས་མེད་པ་རེད། དེ་ལ་རྒྱུ་མཚན་མང་པོ་ཡོད། ཚོ་གཅིག་བྱས་ཏེ་གནས་སྐོར་རམ་གོམ་འགྲོས་གནས་སྐོར་ལ་བསྐྱོད་སྐབས་གནས་སྐོར་བ་མི་རེ་ངོ་རེ་ནས་རང་གི་ཀུན་སྤྱོད་དང་ཀུན་སློང་ལ་དོ་ནན་བྱེད་དགོས། མི་འགའ་ཞིག་གི་མིང་ཐོ་འགོད་རྒྱུའི་དམིགས་ཡུལ་ནི་ང་ཚོ་དང་དངོས་གཟུགས་ཀྱིས་ཉེ་པོ་ཡོང་ཐབས་ཡིན་པ་དང༌། སྟབས་མ་ལེགས་པ་ཞིག་ལ་འདིའི་དམིགས་ས་གཙོ་བོ་ང་ཆགས་ཀྱི་ཡོད། སེམས་ཐག་ཉེ་པོ་བྱེད་དགོས་པ་དེ་གལ་འགངས་ཆེ། བླ་མར་དད་པ་བྱེད་རྒྱུ་འདི་རོལ་ཉམས་ཅན་གྱི་གླེང་གཞི་ཞིག་མིན་ན། ཀུན་སློང་ཡང་དག་ཞིག་མེད་ན་མཐའ་མ་བྱུས་ཉེས་ཡོང་གི་རེད། ཁ་ཅིག་ནི་ལུས་ཁམས་བདེ་མིན་འབྱུང་ཉེན་ལ་བསམས་ཏེ་ང་ཚོས་མིང་ཐོ་དེབ་སྐྱེལ་ངོས་ལེན་མ་བྱས་པ་དང༌། ཁ་ཅིག་ནི་དངུལ་བུན་འཇལ་ཐུབ་ཐབས་གཏན་ནས་མེད་ནའང་བུ་ལོན་གཡར་ནས་ཡོང་རྒྱུའི་འབད་བརྩོན་བྱེད་པ་ངས་ཤེས་ཏེ་ངོས་ལེན་མ་བྱས་པ་རེད། བྱ་སྤྱོད་འདི་རིགས་ལ་ངས་རྒྱབ་བསྐྱོར་གཏན་ནས་བྱེད་ཀྱི་མེད། གང་ཡིན་ཟེར་ན། འདི་ལྟར་བྱས་ན་ཆོས་ཉམས་ལེན་བྱེད་རྒྱུར་བར་ཆད་ཡོང་བ་མ་ཟད་མཆེད་གྲོགས་རྣམས་དང་ཡང་འབྲེལ་ལམ་ཆད་འགྲོ་ཡི་རེད། རང་གི་འཇོན་ནུས་ལ་ཞིབ་དཔྱད་ཀྱིས་གོམ་པ་སྤོ་དགོས། ཆོས་ཉམས་ལེན་བྱེད་རྒྱུ་དེ་ང་མཉམ་དུ་གོམ་འགྲོས་གནས་སྐོར་འགྲོ་རྒྱུ་དེ་གཅིག་པུ་མ་རེད།

རྡོར་གླིང་གི་མཛད་རིམ་བསྒྲུབས་རྗེས་ང་ཚོ་མི་རིག་ཏུ་སྤྲོ་སེང་ལ་ཕྱིན་པས། གྲོགས་པོ་རྙིང་པ་མཁན་པོ་བློ་གྲོས་དོན་ཡོད་དང་ཐུག་རྒྱུའི་གོ་སྐབས་བྱུང་བ་དང༌། ཁོང་ནས་ང་ཁོང་གི་དགོན་པར་ཡོང་དགོས་མགྲོན་འབོད་བྱས་བྱུང་བ་ངས་ངོས་ལེན་བྱས་པ་ཡིན། ཁོང་ནས་གྲྭ་གཞོན་བརྒྱ་ཕྲག་ཁ་ཤས་ལ་ཆོས་ཀྱི་ཤེས་ཡོན་སྤེལ་རྒྱུའི་ཕྱག་ལས་རླབས་ཆེན་གནང་བཞིན་པ་རེད།

རེད། ད་ཆ་ཁོང་ངའི་སློབ་མ་ཡིན། འབྲེལ་བ་འདི་དངོས་འབྲེལ་ཁྱད་མཚར་རེད། འཁོར་བའི་འགྱུར་འགྲོས་དང་སྐྱེས་བུ་དམ་པ་རྣམས་ཀྱི་མཛད་པར་བལྟ་དུས་འདི་ཀུན་ཀྱང་གདམས་ངག་ཏུ་མཐོང་བཞིན་འདུག་པས་བཀའ་ཆོས་ལོགས་སུ་དགོས་རྒྱུ་མི་འདུག ང་ཚོ་མོ་ཊ་ལེགས་པོ་དེའི་ནང་བཀའ་མོལ་གནང་བཞིན་འཁྱམ་འཁྱམ་ཕྱིན་པ་ཡིན། སྤྱིར་ང་མོ་ཊ་ལ་དགའ་པོ་ཡོད་པ་ཁྱེད་ཀུན་ནས་མཁྱེན་གསལ་ལགས་ན། ང་ལ་དཀྱེས་དེ་ནི་བཟང་པོ་ཞིག་རང་བྱུང༌། ཆོས་ནང་རང་གི་བླ་མ་ཐུགས་གང་ལ་མཉེས་པའི་དངོས་པོ་དེ་འབུལ་དགོས་གསུངས་ཡོད། སྐྱེས་བུ་གང་ཞིག་རང་གི་བླ་མར་བརྩི་འཇོག་གམ་ངོས་ལེན་མ་བྱས་གོང་སྐྱེས་བུ་དེ་བླ་མ་མཚན་ལྡན་ཡིན་མིན་བརྟགས་དཔྱད་བྱ་གལ་ཆེ། ངེད་ནས་ཀྱང་རང་གི་རྩ་བའི་བླ་མ་ཐུགས་དགྱེས་པའི་ཞབས་ཞུ་འགྲུབ་པའི་རེ་བ་ཡོད། ད་ཆ་ངའི་རྩ་བའི་བླ་མ་མང་ཆེ་བ་ནི་དགོངས་པ་ཆོས་དབྱིངས་སུ་གཤེགས་ཟིན་ཅིང༌། གསུམ་བཞི་ཙམ་ཞིག་ཞལ་བཞུགས་ཡོད་པས་ཁོང་རྣམས་ནམ་མཇལ་ནའང་དགོངས་པ་འགྲུབ་ཐབས་འབད་བརྩོན་བྱེད་ཀྱི་ཡོད། དགའ་སྤྲོའི་ངང་དགོངས་པ་འགྲུབ་ཐབས་བྱེད་པ་ནི་མོས་གུས་ཉམས་ལེན་བྱེད་པ་ཡིན། ངའི་སློབ་མར་འབོད་པ་འགའ་ནས་ངའི་རེ་འདུན་ཁོང་རང་ཚོའི་འདོད་པ་དང་མཐུན་ན་དེ་འགྲུབ་ཐབས་བྱེད་ཀྱི་འདུག་པ་དེ་ནི་ཡ་མཚན་ཆེ།

ངའི་རྩིས་རྒྱག་འཕྲུལ་འཁོར་བེད་སྤྱོད་བྱེད་པའི་དུས་ཚོད་གཙང་སོང་བས། ག་ལེར་བཞུགས།

You are here: མདུན་ངོས། གསར་གནས། ༢༠༡༠ གསར་མཛོད། རང་བྱུང་ཁམས་དང་སྦྲེལ་བ།