༢༠༡༠ གསར་མཛོད།

འཚོ་བའི་ནང་གི་རླབས་ཆེའི་སྐད་ཅིག

༄༅། །ལུང་སྟོང་ནང་རང་བྱུང་ཁམས་དང་ཐད་ཀར་སྒྲེལ་ཏེ་ཟླ་བ་གཅིག་ཙམ་བསྡད་རྗེས་ད་ཆ་ང་རང་གི་སྡོད་ཡུལ་དང་མཐོང་ཡུལ་ལ་སྒོམ་འདྲིས་བྱ་རྒྱུར་ཡུན་ཙམ་འགོར་སོང༌། ཚང་མས་མཁྱེན་གསལ་ལྟར་ང་ཚོས་འབྲས་ལྗོངས་ནང་གི་གནས་རྣམས་མཇལ་ཞིང༌། ལམ་ཞོར་དུ་གད་སྙིགས་རུབ་བཞིན་གངས་ཅན་མཛོད་ལྔའི་གོམ་འགྲོས་གནས་སྐོར་མཇུག་བསྒྲིལ་ཟིན་པ་རེད། གོམ་འགྲོས་གནས་སྐོར་ལམ་ལྷོང་ལྡན་པ་བྱུང་བར་ཧ་ཅང་ཡ་མཚན་ལྟ་བུ་བྱུང༌། ལོ་རེ་ནས་ལོ་རེ་ཡར་རྒྱས་འགྲོ་བཞིན་འདུག་ཅིང་ལོ་རེ་བཞིན་མི་རྣམས་དགའ་འཚོར་ཆེ་བ་བྱེད་ཀྱི་འདུག གོམ་འགྲོས་གནས་སྐོར་འདི་བཞིན་ཧ་ལམ་ལོ་ལྟར་བྱེད་དགོས་པ་འདུག་ལ་འགོག་ཐབས་མེད་པ་ལྟ་བུ་འདུག ངའི་ཐོག་མའི་དམིགས་ཡུལ་ནི་ལོ་ལྟར་གོམ་འགྲོས་གནས་སྐོར་གྱི་མཛད་རིམ་གོ་སྒྲིག་བྱེད་འཆར་མེད་རུང༌། དེ་འདྲ་ཞིག་ཆགས་འདུག ཚང་མར་སྤྲོ་སྣང་ཆེན་པོ་བྱུང་སྟེ་ལང་ཤོར་ལྟ་བུར་གྱུར་འདུག

ངོས་ནས་རང་གིས་རང་ལ། གོམ་འགྲོས་གནས་སྐོར་འདི་ལྟ་བུ་བྱས་ཏེ་ཆོས་ཕྱོགས་ནས་ཡར་རྒྱས་འགྲོ་རྒྱུར་ཕན་གྱི་ཡོད་ན་འདི་བཞིན་ལོ་ལྟར་གྱི་ལས་འཆར་ཞིག་ཏུ་འགྱུར་ནའང་སྐྱོན་མི་འདུག་ཅེས་བརྗོད་པ་ཡིན། མི་མང་པོ་ཞིག་ནི་ད་ལྟའང་སྟོད་གངས་རིན་པོ་ཆེར་གནས་སྐོར་འགྲོ་རྒྱུའི་རེ་བ་བྱེད་བཞིན་འདུག འོན་ཀྱང་གཞུང་འབྲེལ་ཆོག་མཆན་མ་ཐོབ་བར་བྱེད་ཐབས་གང་ཡང་མེད་པ་རེད་ན། གངས་རིན་པོ་ཆེ་བར་གོམ་འགྲོས་གནས་སྐོར་བྱ་རྒྱུའི་རྨི་ལམ་དེ་ནམ་ཞིག་འགྲུབ་མིན་གསལ་ཆ་མེད་པ་རེད།

ང་རང་སྐྱེས་ཡུལ་རྒྱ་གར་ནི་གནས་སྐོར་སོགས་ཆོས་ཕྱོགས་དང་འབྲེལ་བའི་ལས་ཀའི་ཐད་གུ་ཡངས་དང་བསམ་ཤེས་ཡོད་པའི་རྒྱལ་ཁབ་ཞིག་ཡིན་སྟབས་ང་ཚོས་ལོ་ལྟར་རྒྱ་གར་ནང་ཁུལ་གྱི་གནས་ཆེན་ཁག་ལ་གོམ་འགྲོས་བྱེད་ཐུབ་ཀྱི་རེད་བསམ་གྱིས། དཔེར་ན། འཆར་ལོའི་ནང་རྒྱ་གར་ལྷོ་ཕྱོགས་སུ་གནས་སྐོར་འགྲོ་ན་བསམ་པ་འདུག ཡང་མི་མང་པོ་ཞིག་ནས་ང་ལ་རྐང་འཁོར་བཏང་སྟེ་གནས་སྐོར་ཞིག་གོ་སྒྲིག་བྱེད་རྒྱུའི་རེ་འདུན་བྱེད་ཀྱི་འདུག་ཅིང་དུས་ཚོད་ཐུང་ངུའི་ནང་གནས་མང་པོ་མཇལ་ཐུབ་པའི་དགེ་མཚན་ཤོད་ཀྱི་འདུག འོན་ཀྱང་ངའི་ལུས་ཀྱི་གནས་སྟངས་དང༌། ལྷག་པར་དུ་རྐང་སྟོབས་ཞན་པོར་བསམ་ན་དེ་ལྟར་བྱེད་ཐུབ་བཟོ་མིན་འདུག་ཅིང༌། ང་རང་ལ་རྨས་སྐྱོན་ཡོང་རྒྱུ་མ་ཟད་གཞན་མང་པོ་ཞིག་ལའང་རྨས་སྐྱོན་ཡོང་སྲིད་པ་རེད། དེ་འདྲའི་སྒྲིབ་བྱང་ཞིག་ང་ཚོར་དགོས་ཀྱི་ཨ་ཡོད་བསམ་གྱིས། རྐང་འཁོར་ཐོག་གནས་སྐོར་བྱ་རྒྱུ་ནི་མི་གཟུགས་ཁམས་བདེ་ལ་ལུས་སྟོབས་ལྡན་པས་བྱེད་རྒྱུ་ཞིག་ལས། ང་ལྟ་བུས་བྱ་རྒྱུ་ཞིག་མ་རེད། ང་ནི་ལུས་ཤ་རྒྱག་ལ་གཟུགས་ཁམས་ཞན་པོ་ཡིན་པས་རྐང་འཁོར་ཐོག་གནས་སྐོར་བྱེད་རྒྱུ་དེ་ཉེན་ཁ་ཅན་ཞིག་རེད། དེ་འདྲ་སོང་ཙང་དལ་བུས་གོམ་འགྲོས་ཀྱིས་གནས་སྐོར་བྱ་རྒྱུ་དེ་ང་རང་ལྟ་བུར་འཚམས་པོ་ཞིག་རེད་བསམ་གྱིས།

ད་རེས་རྡོ་ཧྲུག་མང་པོ་ཡོད་པའི་ལམ་ཐོག་གོམ་འགྲོས་བྱེད་སྐབས་འདྲེད་བརྡར་གྱིས་ངའི་རྐང་ཚིགས་འཆུས་ཤིང༌། དེ་ནི་ང་ཙམ་མིན་པར་མཉམ་དུ་ཡོད་པའི་གནས་སྐོར་བ་ ༣༠༠ ལ་བར་ཆད་ཡིན་པ་ཤེས་ནས་ན་གཟུག་ལ་ལྟོས་མེད་ཀྱིས་བདུན་ཕྲག་གཉིས་རིང་མུ་མཐུད་གོམ་བགྲོད་ཀྱིས་མཐོ་ཚད་མི་ཊར་ ༥༠༠༠ ཙམ་ཡོད་པའི་ལ་མཐོ་པོའང་འཛེགས་པ་ཡིན་ལ་དམའ་ཚད་མི་ཊར་ ༢༠༠༠ ཙམ་ཡོད་པའི་ཐུར་ཡང་བབས་པ་ཡིན། ད་ཆ་ང་གྲོང་ཁྱེར་ནང་བསླེབས་ཏེ་རྐང་པར་རྨས་སྐྱོན་ཇི་འདྲ་བྱུང་ཡོད་མེད་སྨན་དཔྱད་བྱེད་ཅིང་སྡུག་ཏུ་མི་འགྲོ་བའི་སྨན་བཅོས་བྱེད་བཞིན་ཡོད།

ཆད་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ང་དང་འཁོར་སློབ་ཚོར་བར་ཆད་གཏོང་མཁན་ཞིག་ང་ཚོའི་ཉེ་འཁྲིས་སུ་དངོས་སུ་ཡོད་པ་ལྟ་བུའི་ང་ལ་འཚོར་བ་བྱུང་ལ། ཆོས་གཟབ་སར་བདུད་གཟབ་ཟེར་བའི་ཁ་དཔེར་ཡིད་ཆེས་བྱུང༌། དཔེར་ན་གོམ་འགྲོས་བྱེད་སྐབས་ངས་གཡས་གཡོན་དུ་བལྟ་མི་ཐུབ་ཅིང༌། བལྟས་མ་ཐག་འགྱེལ་གྱི་འདུག་པས་རིག་པ་རྩེ་གཅིག་ལམ་ཁར་བསྒྲིམ་དགོས་བྱུང༌། ཉེ་འཁོར་གྱི་མཐོང་རྒྱར་བལྟས་ན་བྱིའུ་ཕྲུག་སྒོང་ངའི་ནང་ནས་འཐོན་པ་ལྟར་གོམ་པ་ཁྱ་རེ་ཁྱོར་རེ་མ་གཏོགས་སྤོ་མ་ཐུབ་པ་ཡོང་གི་འདུག ང་ནམ་རྒྱུན་འདི་ལྟ་བུ་མེད་པས། འདི་དག་བར་ཆད་ཡིན་པར་ཤེས་ནས་གདོང་ལེན་གྱིས་མཐའ་མའི་རྒྱལ་ཁ་ང་ལ་ཐོབ་བྱུང༌། གནམ་གཤིས་གྲང་ཚད་ཀླད་སྐོར་འོག་ཨང་ ༡༥ ཡོད་སར་ཡང་ང་ཚོས་སྔ་དགོང་ཕྱི་ལོག་ཏུ་ཚོགས་ཏེ་ལྷ་བསངས་གཏོང་བ་དང་འདོན་པ་བཏོན་པ་སོགས་བྱས་པ་དང༌། གྲང་ངར་གྱིས་རྐྱེན་པས་ང་ཙམ་མིན་པར་ངའི་འཁོར་སློབ་ཀུན་ཀྱང་ཌ་དྲིལ་ལག་པས་བཟུང་མི་ཐུབ་པ་དང་འདོན་པ་བཏོན་སྐབས་སྐད་སྒྲ་མ་ཐོན་པ་སོགས་བྱུང་ཡང་ཉིན་ལྟར་སྔ་དགོང་གཉིས་སུ་ཚོགས་པ་རྒྱུན་ཚོགས་བྱས་པ་རེད། གྲང་ངར་ཆེ་བའི་སྐབས་སུ་རིག་འཛིན་དང་བློ་གྲོས་གཉིས་ཀྱིས་གསོལ་ཇ་རླངས་པ་འཕྱུར་འཕྱུར་འཁྱེར་ཡོང་ནས་ང་ཚོའི་དཀའ་སྡུག་ཇི་ཉུང་བཟོས་པ་དང༌། ཇ་ཚ་པོ་བླུགས་པའི་ཁོག་ལྡིར་ཆེན་པོ་དེ་ཚོ་མཐོང་དུས་ཚང་མ་སྤྲོ་སྣང་ཆེན་པོས་འཛུམ་དམུལ་དམུལ་བྱེད་ཀྱི་འདུག རིག་འཛིན་དང་བློ་གྲོས་གཉིས་ནས་གྲ་སྒྲིག་འཐུས་ཚང་འདི་འདྲ་བྱས་པར་ཐུགས་རྗེ་ཆེ་ཞེས་ཞུ་སྟངས་མ་ཤེས་པ་ལྟ་བུ་འདུག ཟངས་དཀར་དང་ཧི་མ་ཅལ་ཁུལ་ནས་ཡིན་པའི་ལས་རོགས་གཞོན་གཞོན་ཚོས་འཛུམ་མདངས་ཕྱུང་བཞིན་ཇས་བཀང་བའི་ཁོག་ལྡིར་ཆེན་པོ་འཁུར་ཡོང་བ་དང༌། སྤྲོ་བ་དང་བཅས་ང་ཚོར་ཞབས་ཕྱི་ཧུར་ཐག་ཞུས་པ་ད་ལྟའང་ཡིད་ལ་དྲན་བཞིན་འདུག ས་འདི་ཚོར་མི་འདི་ཚོ་མཉམ་དུ་སླར་ཡང་འགྲོ་རྒྱུ་བྱུང་ན་ངེས་པར་དུ་འགྲོ་རྒྱུ་ཡིན། ད་ལྟ་ང་སྡོད་སའི་རྒྱས་སྤྲོོས་ཅན་གྱི་ཁང་མིག་འདིའི་ནང་སྡོད་པ་ལས་གནས་དེ་ཚོར་ལོག་རྒྱུ་དགའ་ས་རེད།

བདེ་སྤྲོས་ངོ་མ་ནི་ཧི་མ་ལ་ཡའི་ཁུལ་དུ་ཡོད་ཅིང༌། ཁུལ་དེ་དག་སྲུང་སྐྱོང་དང་འབག་བཙོག་མི་ཤོར་བྱ་དགོས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་གངས་ཅན་མཛོད་ལྔ་ཙམ་མ་ཟད་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གངས་རི་དང་ཆུ་བོ་རྣམས་སྲུང་སྐྱོང་བྱ་རྒྱུ་ནི་ང་ཚོ་ཀུན་ལ་འཁྲི་བའི་ལས་འགན་ཞིག་ཡིན། ད་ལམ་གྱི་གོམ་འགྲོས་གནས་སྐོར་གྱི་དམིགས་ཡུལ་གཅིག་འདི་ཡིན། ང་ཚོ་ཚང་མས་གོ་ལར་བརྩི་བཀུར་གྱིས་དེ་དག་སྔོ་ལྗང་དང་གཙང་མ་འཇོག་དགོས།

ང་ཚོ་ཚང་མ་སྐྱིད་པོ་འདོད་ཀྱང་འཕྲལ་སེལ་གྱི་བདེ་སྐྱིད་འཚོལ་བ་ལས་ཕུགས་ཀྱི་བསམ་བློ་གཏོང་གི་མེད། དངོས་འབྲེལ་བྱས་ན། ང་རང་ཚོའི་བདེ་སྐྱིད་ཙམ་མ་ཟད་འབྱུང་འགྱུར་མི་རབས་ཀྱི་ཆེད་དུ་ང་ཚོས་སའི་གོ་ལ་བདེ་ཐང་འཇོག་དགོས་པ་རེད། ང་ཚོ་བདེ་བ་ཆུང་ལ་ཆགས་ཏེ་ཕུགས་ཀྱི་བསམ་བློ་གཏོང་གི་མེད་སྟབས་གནོད་འཚེ་སྣ་ཚོགས་མྱོང་གི་ཡོད་པ་དང༌། དེ་ཚོར་ང་ཚོས་རང་བཞིན་གྱི་འཇིག་པ་ཞེས་འབོད་ཀྱི་ཡོད་པ་རེད། དོན་ངོ་མར་འདི་ཚོ་མིས་བཟོས་པའི་གནོད་འཚེ་ཡིན་པ་ལས་རང་བཞིན་གྱི་འཇིག་པ་མ་རེད། རང་བྱུང་ཁམས་ནི་རང་བཞིན་གྱི་སྐྱོན་མེད་པར་ཞི་བདེར་གནས་ཡོད་ཅིང་གནོད་འཇིག་ཚང་མ་ང་ཚོས་བཟོ་གི་ཡོད་རེད། ལམ་ཐག་ཀི་ལོ་མི་ཊར་མང་པོར་ཁྱབ་པའི་གདོད་མའི་ནགས་ཚལ་ནང་གོམ་འགྲོས་བྱ་བཞིན་འགྲོ་སྐབས་སྐྱིད་པོ་འདུག་ཀྱང༌། གང་སར་འགྱིག་བཟོས་གད་སྙིགས་དང་སྐྱར་སྤྱོད་མི་ནུས་པའི་གད་སྙིགས་དོར་ཡོད་པ་མཐོང་རྒྱུ་འདུག ང་ཚོའི་དགེ་འདུན་ཕོ་མོ་རྣམས་ནས་སྐྱེ་ལྡན་བཙའ་ཐོར་མི་ནུས་པའི་གད་སྙིགས་ཀི་ལོ་ ༩༨༠ བསྡུ་རུབ་བྱས་པ་རེད། འབྲས་ལྗོངས་ནི་ད་ལྟ་རྒྱ་གར་རྒྱལ་ཡོངས་སུ་སྔོ་ལྗང་ཁྱབ་ཆེ་ཤོས་ཀྱི་མངའ་སྡེ་འབའ་ཞིག་ཡིན་པ་རེད། དེ་ཡང་སྔོན་གྱི་ཆོས་རྒྱལ་གོང་མ་དང་བླ་མ་སྐྱེས་ཆེན་དམ་པ་རྣམས་ཀྱི་ལམ་སྟོན་བཟང་པོ་དང་ད་ལྟའི་འབྲས་ལྗོངས་གཞུང་མང་གཉིས་ཀའི་འབད་འབུངས་ལ་བརྟེན་ནས་འབྲས་ལྗོངས་འདི་བཞིན་གཞན་དང་མི་འདྲ་བའི་སྔོ་ལྗང་ལྡན་པ་ཡོད་རེད། ད་ལྟའི་འབྲས་ལྗོངས་གཞུང་ངོས་ནས་མངའ་སྡེ་འདི་ཁུངས་ཀྱི་རྩི་ཤིང་སྲུང་སྐྱོབ་དང་འཁོར་ཡུག་གཙང་མ་འཇོག་རྒྱུར་འབད་བརྩོན་གནང་བཞིན་འདུག་པ་ནི་དགའ་སྤོབས་ཆེན་པོ་བྱུང༌།

འཁོར་ཡུག་སྐོར་གླེང་སྐབས། འབག་བཙོག་བསྐྱར་བཅོས་བཟོ་གྲྭ་ཞིག་འཛུགས་འཆར་ཡོད། ས་ཆ་གང་དུ་འཛུགས་མིན་མ་ངེས་ཀྱང་གང་མྱུར་འཛུགས་དགོས་འདུག འདྲ་པར་ནང་ང་ཚོའི་དགེ་འདུན་ཕོ་མོ་རྣམས་ནས་ཕྱག་ལས་ཇི་ཙམ་གནང་གཟིགས་ཐུབ་ཀྱི་རེད། ཁོང་ཚོ་གོམ་འགྲོས་ཀྱིས་ངལ་བ་དང་རྐང་པར་ཆུ་བུར་ཐོན་པ་སོགས་བྱུང་ནའང་ཁོར་ཡུག་གཙང་བཟོའི་ཆེད་འབག་བཙོག་ཡོད་རིགས་ཧུར་ཐག་བསྡུ་རུབ་བྱས་པ་དེ་ནི་བློ་སྤོབས་འཕེལ་བ་ཞིག་ཡིན། ང་ཚོ་ཚང་མས་འདི་ལྟར་བྱེད་དགོས་པ་རེད། སྟབས་མ་ལེགས་པ་ཞིག་ལ། ཤེས་ཡོན་ཇི་ཙམ་ཡོད་རུང་ང་ཚོས་ཕུགས་ཀྱི་གནོད་སྐྱོན་མ་མཐོང་བར་གད་སྙིགས་གང་བྱུང་དུ་འཕང་རྒྱུ་ངན་ལང་ཤོར་ཏེ་ཁོར་ཡུག་གཙང་མ་དགོས་གལ་སྣང་མེད་དུ་འཇོག་གི་ཡོད་པ་རེད། ཁོར་ཡུག་འབག་བཙོག་གི་གནོད་སྐྱོན་ནི་ལོ་བརྒྱ་ཕྲག་མང་པོར་ལུས་ཏེ་འགྲོ་བ་མི་ཙམ་མིན་པར་སེམས་ཅན་ཀུན་ལ་གནོད་ཚབ་ཆེན་པོ་ཡོང་རྒྱུ་དང་རང་བྱུང་གནོད་འཇིག་མྱང་དགོས་ཡོང་གི་རེད། རང་བྱུང་གནོད་འཇིག་ཏུ་འབོད་པ་འདི་དག་ནི་ང་རང་ཚོའི་གད་སྙིགས་གང་བྱུང་དུ་གཡུག་རྒྱུའི་བག་མེད་སྤྱོད་ལམ་གྱི་རྗེས་འབྲས་ཤིག་རེད། གནོད་འཇིག་ཡོང་སྐབས་རང་བྱུང་གནོད་འཚེ་ཞེས་ཟེར་གྱི་ཡོད་པས། རང་བྱུང་གནོད་འཚེ་དངོས་འབྲེལ་ཡིན་མིན་བརྟགས་དཔྱད་མཛོད། མི་ཚང་མས་ཁོར་ཡུག་ལ་གཅེས་སྤྲད་དང་སྲུང་སྐྱོབ་བྱས་ཏེ་བྱམས་སྙིང་རྗེ་ལག་ལེན་འཁེལ་བའི་ཐོག་ནས་སེམས་ཅན་ཀུན་ལ་ཕན་ཐོག་ནུས་པའི་ངས་རེ་བ་དང་སྨོན་འདུན་བྱེད་ཀྱི་ཡོད།

ཆུ་ཚོད་འགའ་ཤས་རྗེས་ཕྱི་ལོ་༢༠༡༡ གསར་དུ་བཞད་ཀྱི་ཡོད་འདུག་ན། ངས་ཚང་མར་ཕྱི་ལོ་གསར་པའི་ནང་ལུས་སེམས་གཉིས་བདེ་ཡོང་བའི་འཚམས་འདྲི་ཞུ་རྒྱུ་ཡིན།

 

You are here: མདུན་ངོས། གསར་གནས། ༢༠༡༠ གསར་མཛོད། འཚོ་བའི་ནང་གི་རླབས་ཆེའི་སྐད་ཅིག