༢༠༡༡ གསར་མཛོད།

ང་ཁ་འབེལ་པོ།

༄༅། །ཧེ་མི་དགོན་པར་ད་ཆ་ལོ་རྒྱུས་ནང་མ་གྲགས་པའི་དྲྭ་མཐུད་མྱུར་པོ་འདུག་ཅིང་ངས་སྤོབས་པ་ཆེན་པོའི་ངང་འདི་བེད་སྤྱོད་བྱེད་བཞིན་ཡོད། ཧེ་མིར་དྲྭ་ལམ་འབྲེལ་མཐུད་མགྱོགས་པོ་འདི་དྲ་ཡོད་པ་ཤེས་ན་ངས་དཀའ་ངལ་ཁྱད་སད་ཀྱིས་ཞར་དང་ཞོར་དུ་གླེང་གཏམ་ཟིན་བྲིས་བྱེད་དགོས་དོན་མི་འདུག ངས་ཟིན་བྲིས་བྱས་པའི་གླེང་གཏམ་འགྲེམས་སྤེལ་མ་བྱས་གོང་ཁྱེད་མཉམ་གནས་ཚུལ་བརྗེ་ལེན་བྱེད་བཞིན་ཡོད་པ་འདི་ངའི་ལས་བཟང་མ་རེད་དམ།

ཧེ་མི་དགོན་པར་དྲྭ་རྒྱའི་མཐུད་ལམ་ཡོད་པ་འདིའི་ཐད་ང་ལ་དགའ་སྡུག་ཟུང་སྦྲེལ་གྱི་བསམ་ཚུལ་ཡོད། ཕྱོགས་གཅིག་ནས་ཕན་ཚུན་རོགས་འདེགས་ཆེད་འབྲེལ་ལམ་ཞིག་དགོས་ཡིན་པ་དང༌། ཕྱོགས་གཞན་ཞིག་ནས་བལྟས་ན་དྲྭ་རྒྱའི་མཐུད་ལམ་ཡོད་པ་འདི་ལ་བརྟེན་ནས་ཧེ་མི་དགོན་པའི་ཞི་འཇམ་བག་ཕེབས་ཀྱི་གནས་བབ་དེར་ཉམས་ཉེས་ཡོང་སྲིད་པ་ཞིག་རེད་ཀྱང་འདི་འདྲ་མི་ཡོང་བར་ངས་རེ་བ་བྱེད་ཀྱི་ཡོད། ང་ཚོ་མང་པོ་ཞིག་གིས་ཧེ་མི་ནི་ཡིད་ལྷོད་ལ་ཕབ་ནས་སྡོད་ས་ཞིག་ལ་བརྩི་བ་ཡིན་པས་དྲྭ་རྒྱའི་མཐུད་ལམ་དགོས་པ་མེད། གང་ཡིན་ཟེར་ན། མཐུད་ལམ་འདིས་ང་ཚོ་དགོས་མེད་ཀྱི་བྲེལ་ཟིང་ངང་འཇོག་གི་རེད། ང་ཚོས་དྲྭ་རྒྱ་བེད་སྤྱོད་ནམ་བྱེད་དང་ནམ་མཚམས་འཇོག་བྱེད་དགོས་ཤེས་གལ་ཆེན་པོ་རེད། རང་གི་ཆེད་དུ་དུས་ཚོད་ངེས་པར་དུ་བཟོ་དགོས། ངས་བར་སེང་སྐབས་དུས་ཚོད་ཐུང་ངུ་ཞིག་བེད་སྤྱད་ནས་གཏམ་འདི་གླེང་བ་ལས་གཞན་དྲྭ་ལམ་བེད་སྤྱོད་བྱེད་ཀྱི་མེད།

དེ་རིང་ངས་རྡོ་རྗེ་ཕག་མོའི་བཀའ་དབང་ཆོས་ཐུན་བཞི་དང་ཕྱེད་ཀ་བསྒྲུབས་སོང༌། དབང་འདི་བླ་སྤྲུལ་དང་གྲྭ་བཙུན་རྣམས་ལ་གཙོ་བོར་དམིགས་པ་ལས་མི་སྐྱ་མང་པོ་ཞིག་དབང་ཞུ་བར་ཡོང་དོགས་བྱས་མེད། གང་ཡིན་ཟེར་ན། དེང་སང་ལ་དྭགས་སུ་ཡུལ་སྐོར་སྤྲོ་འཁྱམ་གྱི་ནམ་དུས་ཡིན་པ་དང༌། ཡུལ་གྱི་དཔལ་འབྱོར་འབབ་ཁུངས་གཙོ་བོ་ཡུལ་སྐོར་སྤྲོ་འཁྱམ་ཡིན། ན་ནིང་རང་བྱུང་གནོད་འཚེས་གྱོང་རྒུད་ཆེན་པོ་བྱུང་ཡོད་པ་སླར་གསོའི་ཆེད་མི་རྣམས་ཚོང་བྲེལ་ཆེན་པོ་ཡོད་པ་རེད། འོན་ཀྱང་ཧ་ལས་པ་ཞིག་ལ་མི་སྐྱ་བཞི་སྟོང་ལྷག་ཙམ་ཞིག་དབང་ཞུ་བར་བསླེབས་འདུག་ཅིང༌། ཁོང་ཚོ་དབང་གྲལ་ལ་མཉམ་དུ་ཞུགས་ཐུབ་པ་བསོད་བདེ་ཆེན་པོ་རེད་བསམ་གྱིས། འདུ་ཁང་ཨ་མའི་ནང་ས་ཆ་ཆེན་པོ་མེད་ཅིང༌། གྲྭ་བཙུན་རྣམས་ཀྱིས་ཁེངས་ཏེ་ཡོད་སྟབས་སྐྱ་བོ་རྣམས་ས་ཆ་གང་ཐོབ་ཏུ་སྡོད་དགོས་པ་རེད།

འདིར་ཁོར་ཡུག་ལེགས་པ་དང་འཚོར་བ་བཟང་པོ་འདུག སྤྱིར་བཏང་ང་རྣམ་རྟོག་ལ་ཡིད་ཆེས་མེད་ཅིང་དང་རྨོངས་དད་བྱེད་རྒྱུར་སྐུལ་མ་བྱེད་ཀྱི་མེད། འཚོར་བ་དང་ནུས་ཟུངས་ཟེར་བ་སོགས་ནི་འཆར་སྣང་མངོན་མེད་ཡིན་ཅིང་མི་བློ་སྣ་མང་ལ་དྲན་རྒྱུ་རྒོད་པོ་ཚོས་བེད་སྤྱོད་ལོག་པར་བྱེད་བདེ་པོ་ཞིག་རེད། ཆོས་བྱེད་པ་མཚན་ལྡན་ཚོས་འདི་ཚོའི་སྐོར་བསམ་བློ་གཏོང་དགོས་དོན་མེད། འཚོར་བ་བཟང་པོ་བྱུང་ན་ཡག་པོ་རེད། མ་བྱུང་ནའང་འགྲིག་པ་རེད། གཟི་མདངས་དང༌། ཁ་མདོག་གི་ནུས་ཟུངས། འཚོར་བ་བཟང་ཞན། འབེར་འགུལ་ཟེར་བ་སོགས་ཤོད་མཁན་དེ་འདྲ་ངས་མང་པོ་ཐུག་མྱོང༌། ང་འདྲ་བའི་མིས་སྐད་དྲང་པོ་སུས་ཤོད་ཀྱི་ཡོད་མེད་ཤེས་ཀྱི་རེད། སྟབས་མ་ལེགས་པ་ཞིག་ལ་མི་མང་པོ་ཞིག་ལ་བདག་འཛིན་ཆེན་པོ་ཡོད་སྟབས་རང་ཉིད་དམིགས་བསལ་ཡིན་བསམ་པའི་རྐྱེན་གྱིས་གཟི་མདངས་དང༌། འཚོར་བ་ཟེར་བ་སོགས་འཆར་སྣང་མང་པོ་ཞིག་ཡོང་གི་ཡོད་པ་རེད། འདི་འདྲའི་རིག་རྩལ་ངོ་མ་ཡོད་མཁན་ཚོས་རྩལ་དེ་དག་གཞན་མགོ་བསྐོར་རྒྱུའམ་རང་དོན་བསྒྲུབ་ཆེད་བེད་སྤྱོད་བྱེད་ཀྱི་ཡོད། ཀུན་སློང་བཟང་པོ་ཞིག་མེད་ན་འདི་འདྲ་བྱས་པའི་རྗེས་འབྲས་གང་ཞིག་ཡོང་གི་ཡོད་དམ། གཞན་ཕན་གྱི་ཀུན་སློང་ཡང་དག་ནི་ང་ཚོའི་བྱ་སྤྱོད་ཀུན་གྱི་གཞི་མ་དེ་ཡིན། ང་ཚོས་གཞན་མགོ་བསྐོར་ཐུབ་ནའང་རང་གིས་རང་མགོ་བསྐོར་ཐུབ་ཀྱི་མ་རེད། མཐའ་མ་ལས་འབྲས་སྨིན་གྱི་རེད།

འཚོར་བའམ་ནུས་ཟུངས་སྐོར་ཤོད་ན། ངས་འཚོར་བ་དང་ཁོར་ཡུག་བཟང་པོ་འདུག་ཟེར་དགོས་དོན་ནི་ང་ཁ་འབེལ་པོ་ཆགས་ནས་ཧ་ལམ་སྐད་ཆ་ཤོད་མཚམས་མ་ཤེས་པ་ལྟ་བུ་ཆགས་འདུག འདི་ནི་ཁོར་ཡུག་བཟང་པོ་ཡོད་པའི་རྟགས་མཚན་ཡིན་གྱི་རེད། གལ་ཏེ་ཁོར་ཡུག་དང་འཚོར་བ་བཟང་པོ་ཞིག་མེད་ན་ངས་དཔེ་ཆ་འདོན་པ་ཙམ་ལས་སྟོན་པ་ཤཀྱཱ་ཐུབ་པའི་བཀའ་ཡི་ཕྱི་ནང་གསང་གསུམ་གྱི་དོན་འགྲེལ་བཤད་བྱེད་ཀྱི་མ་རེད། ངས་ཉིན་གཅིག་ལ་དབང་ཐུན་གསུམ་བསྐུར་དགོས་ཀྱི་ཡོད་ཀྱང་ཐུན་གཉིས་ལས་ཚར་གྱི་མི་འདུག གང་ལྟར་ངས་གཏམ་རྫོགས་མཐའ་མེད་པ་ཤོད་ཀྱི་འདུག

ང་གང་དུ་ཕྱིན་ནའང་གལ་ཏེ་འཚོར་བ་བཟང་པོ་ཞིག་མེད་ན་ངས་དཔེ་ཆ་ཚར་གཅིག་བཏོན་ནས་མཇུག་བསྒྲིལ་གྱི་ཡོད། སྲོལ་རྒྱུན་གྱི་མི་ལ་འདི་འདྲ་བྱས་ན་དགའ་པོ་ཡོད་རེད། གང་ཡིན་ཟེར་ན་ལུགས་སྲོལ་ལྟར་ན་བླ་མ་རྣམ་པས་དཔེ་ཆ་ལྗགས་ཀློག་གནང་སྟེ་བྱིན་བརླབ་གནང་སྲོལ་ཡོད་ཅིང༌། ཁོང་རྣམས་ཀྱིས་མི་སྐྱུས་མ་ཚོས་དོན་རྟོགས་ཀྱི་མ་རེད་དགོངས་པའམ། ཡང་ན་དོན་རྟོགས་འདོད་ཡོད་མ་རེད་དགོངས་ཀྱི་ཡོད་པ་རེད། ང་ཁ་འབེལ་པོ་ཆགས་ན་དབང་ཞུ་མཁན་ཚོས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པའི་རྟགས་དང༌། ང་སེམས་ཁམས་རྐྱེན་པོ་བྱས་ན་ཁོར་ཡུག་བཟང་པོ་རང་མེད་པའི་རྟགས་རེད། འདི་ངས་དེ་རིང་ཤེས་འཚོར་བྱུང༌། ང་ཁ་ཁུ་སིམ་པོ་འདུག་ན་ཁྱེད་ཚང་མ་གཟབ་གཟབ་བགྱིས་ལ་ང་རང་གར་འཇོག