༢༠༡༡ གསར་མཛོད།

འཁོར་བའི་ཆོས་ཉིད་མི་རྟག་པ།

༄༅། །ང་ཚོའི་ལ་་དྭགས་ཀྱི་མཛད་རིམ་ཁག་གཅིག་བསྒྲུབས་པ་རེད། ག་དུས་འགོ་བཙུགས་མི་དྲན་ཞིང༌། ཁ་སང་རང་བྱེད་སྒོ་ཁག་གི་གྲ་སྒྲིག་བྱས་པ་ཡིན་སྣང་ཤར་གྱིས། དུས་ཚོད་ནི་མྱུར་ནས་མྱུར་བར་འགྲོ་བས་འདི་ཡང་མི་རྟག་དྲན་བསྐུལ་གྱི་སློབ་གསོ་ཞིག་ཡིན། ངས་འཆར་གཞི་མང་པོ་ཞིག་བཀོད་པ་ཕལ་ཆེར་དོན་དུ་འཁྱོལ་མ་སོང༌། ངས་འཕྲིན་ཡིག་ཁ་ཅིག་ཟིན་བྲིས་བྱས་པ་དེ་དག་དུས་བཀག་བྱས་པའི་ཟླ་ཚེས་ལ་བཀོད་ཐུབ་མ་སོང༌། གང་ཡིན་ཟེར་ན། ངས་པར་བསྐྲུན་ཆོག་ཅེས་པའི་མཛུབ་མཐེབ་གནོན་རྒྱུ་བརྗེད་བཞག དེས་ན་ང་ལ་སྔོན་གྱི་ཟིན་བྲིས་དེ་ཕྲན་བུ་རྒྱས་བཤད་བྱེད་རྒྱུའི་དུས་ཚོད་ཐོབ་ཡོད།

འདི་ནི་ང་ཚོའི་མི་ཚེའི་བྱུང་རྒྱལ་པར་རིས་ལྟ་བུ་ཞིག་རེད། ང་ཚོས་དུས་གཅིག་ལ་འཆར་གཞི་མང་པོ་བཀོད་དེ་འདི་ཡང་བྱེད། དེ་ཡང་འགྲུབ་པ་བྱེད་བསམ་པ་ཡོང་གི་ཡོད། འོན་ཀྱང་ལེགས་པར་བརྟགས་ན། བླ་ན་མེད་པ་ཞིག་ཡིན་ནའམ་ཡང་ན་རླུང་རྟ་རྒྱུགས་ན་མ་གཏོགས་ལས་ཀ་ཕལ་ཆེ་བ་ང་ཚོས་བསམ་པ་བཞིན་འགྲུབ་ཀྱི་མེད། བྱས་ཙང་ངས་རྒྱུན་དུ། ད་ལྟར་ལྟོས་ཞེས་བརྗོད་ཀྱི་ཡོད། ཁ་སང་ནི་འདས་པ་རེད་ལ་སང་ཉིན་ནི་འཆར་རྒྱུ་རེད། ད་ལྟ་བའི་དུས་དེར་ཡི་རང་གིས་ཟིན་ཐུབ་པའི་སྤྱང་གྲུང་ཡོད་ན་འཆར་རྒྱུའི་སང་ཉིན་དེ་རང་གིས་སྟངས་འཛིན་བྱེད་ཐུབ་ཀྱི་རེད། སྤྱང་བྱུས་འདི་རེད། ད་ལྟ་བའི་དུས་ལ་སྡོད་ཅེས་པ་ནི་མ་འོངས་པ་མེད་པ་བྱེད་དགོས་ཞེས་པ་མིན། འཁོར་བའི་རང་བཞིན་གྱིས་ང་ཚོ་འགྲོ་འགྲོ་བར་སྡོད་དགོས་ཀྱི་ཡོད། ད་ལྟ་བའི་སྐད་ཅིག་ཇི་ཙམ་ཟིན་ཐུབ་པ་དེ་རང་བྱས་རྗེས་ཆེན་པོ་ཞིག་ཡིན། གང་ལགས་ཤེ་ན། ད་ལྟའི་སྐད་ཅིག་དྲན་ཤེས་ཀྱི་སྒོ་ནས་ལས་ཀ་ཅི་བྱས་ཐམས་ཅད་སྒོམ་ཡིན། ཤེས་བཞིན་ཡོད་ན་ལུས་ངག་ཡིད་གསུམ་གྱི་བྱ་བ་ཐམས་ཅད་དྲན་ཤེས་ལྡན་པ་ཡོང་གི་རེད། དཔེར་ན། ལས་ངན་པ་བྱས་ན་འབྲས་བུ་ངན་པ་ཡོང་རྒྱུའམ། སྐྱེ་བ་འདི་དང་སྐྱེ་བ་ཕྱི་མར་སྡུག་བསྔལ་མྱོང་རྒྱུ་ཡིན་པ་ཤེས་ན་ང་ཚོའི་སེམས་སྐད་ཅིག་ད་ལྟའི་ཐོག་བཞག་སྟེ་ལམ་ལོག་པར་འགྲོ་ཡི་མ་རེད། ང་ཚོས་གཞན་ལ་གནོད་པ་མ་བྱས་པ་ཙམ་དུ་མ་ཟད་གཞན་ལ་རོགས་ཕན་བྱེད་ཅིང་གཞན་ལ་ཕན་པ་དང་བདེ་སྐྱིད་ཡོང་ཐབས་བྱེད་ཀྱི་རེད། འདི་ལྟར་བྱས་འབྲས་སུ་རང་ཉིད་སྐྱིད་པོ་ཡོང་གི་རེད།

ང་ལ་སྒོམ་བརྒྱབ་སྟངས་སློབས་རོགས་ཟེར་མཁན་མང་པོ་ཞིག་བྱུང༌། སྤྱིར་བཏང་ཐབས་ལམ་སྣ་ཚོགས་ཡོད་ཀྱང་སྐད་ཅིག་ད་ལྟ་བར་བསྡད་ནས་མི་རྟག་པི་ན་འཁོར་བའི་ཆོས་ཉིད་ཡིན་པ་ཤེས་རྒྱུ་དེ་ཁ་ཡོད་ལག་ཡོད་ཀྱི་ཐབས་ལམ་དེ་རེད། འདི་ལྟར་མ་ཤེས་པར་བདག་འཛིན་ཆེན་པོའི་ངང་འཚོ་བ་བསྐྱལ་ན་སྡུག་བསྔལ་ཉོ་གི་ཡོད་རེད། ང་ཚོས་རང་ཉིད་དགའ་བ་དེ་ཟིན་མ་ཐུབ་པ་དང་མ་དགའ་བ་ལས་གཡོལ་ཐུབ་ཀྱི་མེད་ཙང་སྡུག་བསྔལ་འཁོར་བའི་རང་བཞིན་ཆགས་ཀྱི་ཡོད་རེད། ང་ཚོ་རྒྱུན་དུ་འདོད་པས་དེད་ནས་སྐོར་ར་འཁོར་ནས་སྡོད་ཀྱི་ཡོད།

འོ་ན་སྡུག་བསྔལ་གྱི་སྐོར་རའི་ནང་འཚུད་པར་ང་ཚོ་ཡི་མུག་སྟེ་སྡོད་དགོས་སམ་ཞེས་ན། དེ་ལྟར་བྱེད་དགོས་དོན་མེད། ང་ཚོར་གཞན་ལ་ལྟ་སྟངས་དང་རང་གིས་རང་ལ་ལྟ་སྟངས་སོགས་རང་གི་སེམས་རྒྱུད་སྦྱང་ནས་མི་ཚེ་སྡུག་པོ་འདི་བཟང་པོར་བསྒྱུར་བའི་གོ་སྐབས་ཆེན་པོ་ཡོད། སངས་རྒྱས་ཀྱིས་ང་ཚོར་བདེན་པ་བཞི་དང་ལམ་བརྒྱད་སོགས་ཀྱི་ཆོས་བསྟན་ཡོད། ལྟ་བའི་ཆ་ནས་ང་ཚོས་འདི་ཤེས་དགོས་པ་དང་ལག་ལེན་གྱི་ཆ་ནས་ང་ཚོས་འདི་ཤེས་ནས་མི་ཚེ་བསྐྱེལ་དགོས་པ་རེད།

རྒྱ་གར་གཞུང་གིས་བདེ་འཇགས་སོགས་མཐུན་རྐྱེན་དགོས་ངེས་གནང་བར་བརྟེན་ངའི་འཁོར་ཞག་དེ་སྟབས་བདེ་བྱུང་སོང༌། བདེ་འཇགས་མི་སྣ་དང་ས་གནས་མི་མང་གི་རོགས་རམ་ལ་བརྟེན་ནས་མི་ཆིག་ཁྲི་ལྷ་ཙམ་ཞིག་ཡུལ་སྐོར་སྤྲོ་འཆམ་པ་ཡོང་ཉུང་བའི་ཉོལ་མར་བདེ་སྤྲོའི་ངང་སྡོད་ཐུབ་པ་བྱུང་བ་དང་མཛད་རིམ་རྣམས་འགལ་རྐྱེན་མེད་པར་མཇུག་བསྡུ་ཐུབ་པ་བྱུང༌། ང་ཉོལ་མར་སྡོད་རྒྱུན་རིང་ལྷོད་དལ་བྱུང་བར་གོ་སྒྲིག་པ་ཀུན་དང་ལྷག་པར་དུ་ངའི་ཐུགས་བརྩེ་ཅན་གྱི་མཆེད་གྲོགས་༧སྐྱབས་རྗེ་འབྲུག་པ་ཆོས་མགོན་རིན་པོ་ཆེ་མཆོག་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁོང་ནི་༧དཔལ་འབྲུག་པའི་ལོ་འཁོར་ལྷན་འཛོམས་ཐེངས་གསུམ་པའི་ཚོགས་གཙོ་ཡང་ཡིན་པས་ཁོང་གི་བྱིན་རླབས་དང་དཀོན་མཆོག་གསུམ་གྱི་བྱིན་མཐུ་ལས་ལོ་འཁོར་ལྷན་འཛོམས་ཐེངས་གསུམ་པ་དེ་སྤྲོ་སྐྱིད་ལྡན་པ་ཞིག་ཡོང་རྒྱུར་ང་ཡིད་ཆེས་གཙང་མ་ཡོད། ༧དཔལ་འབྲུག་པའི་ལོ་འཁོར་ལྷན་འཛོམས་ཐེངས་གསུམ་པ་དེ་སྤྲོ་སེམས་འཁོལ་བ་དང་ལམ་ལྷོང་ལྡན་པ་ཞིག་ཡོང་ངེས་རེད།

ལ་དྭགས་ཡུལ་ལུང་ཁག་ནས་ཡོང་བའི་མི་ཁྲི་ཕྲག་མང་པོ་དེའི་འཕྲོས་ད་ལམ་ཉིན་བཅུའི་ཆོས་འབྲེལ་རིང་ཡོད་པའི་མི་རྣམས་སླར་ཡང་ཐུག་པའི་རེ་བ་ཡོད། ཁྱེད་ཚོའི་སྤྲོ་བའི་ཆེད་གཤམ་ལ་འདྲ་པར་ཁག་ཅིག་ཡད།

ངའི་གཟིམ་ཁྱི་མིང་ལ་གཞོན་ནུ་ཟེར་བ་དེ་ཤི་བའི་གནས་ཚུལ་ཐོས་ནས་ཉེ་ལམ་ཉིན་ཤས་རིང་ང་ཡིད་སྐྱོ་པོ་བྱུང༌། ངའི་ཕ་མ་དང་ལས་བྱེད་ཚོས་ཁོ་ཤི་བ་རྙེད་འདུག སྨན་པས་ཁོ་ལ་དུག་ཕོག་འདུག་ཅེས་བརྗོད་ཤག ཁོ་ལ་དུག་ག་འདྲ་ཕོག་ཤེས་ཀྱི་མི་འདུག ཁོས་སྤྱོད་ངན་བྱས་ནས་རྩི་རྩི་ལྟ་བུ་ཞིག་ཟོས་པ་ཡིན་ནམ། ཡང་ན་མི་ཞིག་གིས་གླིང་ཀའི་ནང་དུག་དབྱུགས་པ་ཡིན་ནམ། ནང་མི་ཞིག་གྲོང་བ་ལྟ་བུའི་འཚོར་བ་ཡོད་སྟབས་ཡིད་སྐྱོ་པོ་ཞིག་བྱུང༌། གང་སར་ཉིན་ལྟར་མི་མང་པོ་གསོད་ཀྱི་ཡོད་པ་དང་དུད་འགྲོ་མང་པོ་གསོད་ཀྱི་ཡོད་སྟབས་ངའི་ཁྱི་ཤི་བའི་གནས་ཚུལ་ཤོད་དུས་ཁ་སྐྱེངས་པོ་ཞིག་འདུག་ཀྱང༌། འདི་བསླབ་བྱ་ཆེན་པོ་ཞིག་ཡིན་པས་ངས་གྲོགས་པོ་དང་སློབ་མ་ཚོར་གནས་ཚུལ་འདི་བཤད་པ་ཡིན། རྒྱལ་པོ་ཡིན་ནམ། ཕྱུག་པོ་ཡིན་ནའང་འདྲ། སྤྲང་པོ་ཡིན་ནའང་འདྲ། རྐུན་པོ་ཡིན་ནའང་འདྲ། མི་གསོད་ལག་དམར་ཡིན་ནའང་འདྲ། ཚང་མ་འཁོར་བའི་ནང་ཡོད་པ་གཅིག་པ་ཡིན་པས་ན་ཉིན་གཅིག་རང་གི་དགའ་ཉེ། དགྲ་དང་ནོར་ལོངས་སྤྱོད་སོགས་ཚང་མ་བཞག་སྟེ་ཤི་རྒྱུ་རེད། ང་ཚོ་ཤི་བའི་ཉིན་དེར་བསགས་པའི་ལས་དང༌། བྱམས་སྙིང་རྗེ་དང་ཤེས་རབ་སོགས་སེམས་རྒྱུད་ཀྱི་ཡོན་ཏན་མ་གཏོགས་གང་ཡང་འཁུར་རྒྱུ་མེད་པར་འགྲོ་དགོས་པ་རེད། ལན་ཆགས་བུ་ལོན་དང་བུན་བདག་མང་པོ་ཞིག་མ་གཏོགས་གང་ཡང་འཁུར་རྒྱུ་མེད་པ་རེད།

ངའི་གྲོགས་པོ་འགའ་ཡིས་ཆོས་ཤེས་ཤིང་ལས་རྒྱུ་འབྲས་ཧ་གོ་བཞིན་དུ་ལས་ངན་པ་བྱེད་པ་དང༌། ལྷག་པར་དུ་ནོར་གསོག་ཕྱིར་སྲོག་གཅོད་པ་དང་གཞན་ལ་གནོད་འཚེ་བྱེད་པ་མཐོང་དུས་བློ་ཕམ་གྱི་འདུག མི་ཁ་ཅིག་གིས་ཁོང་ཚོའི་རྒྱུ་ནོར་དང་དབང་ཐང་ལ་ཡིད་སྨོན་གྱི་ཡོད། ལས་འབྲས་ལ་ཡིད་ཆེས་ཡོད་རུང་མེད་རུང༌། མཐའ་འབྲས་གང་ཡོད་བརྟགས་ན་འབྲས་བུ་ངན་པ་དང་ལན་ཆགས་བུ་ལོན་མ་གཏོགས་གང་ཡང་མེད། བདེ་བ་མེད་ལ་དཀར་ཆ་ཡང་མེད། སྡུག་བསྔལ་སྣོན་མ་གཏོགས་གང་ཡང་མེད་པ་རེད། ང་ཚོས་ད་ལྟ་ཉིད་དུ་མི་ཚེ་ཆུས་ཟོད་མི་འགྲོ་བ་བྱ་གལ་ཆེ། མི་ལུས་འདི་མ་གཏོགས་མེད་ན་བདེ་སྐྱིད་དང་རང་དབང་ཐོབ་ཕྱིར་ཅི་ཞིག་བྱེད་དགོས་སམ། གཞན་ལ་འཚེ་བ་བྱས་པ་ལ་བརྟེན་ནས་བྱུང་བའི་བདེ་བ་དེ་མཐར་ཐུག་གི་བདེ་བར་འདུག་གམ་སོམས་དང༌། དེས་སྡུག་བསྔལ་འཕར་མ་ཡོང་གི་རེད་ཅེས་ངས་ཐག་བཅད་ནས་བརྗོད་ཐུབ།

ཇི་སྐད་དུ། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །ཞེས་གསུངས་པས་ན། ད་ལྟའི་མི་ལུས་འདི་ཐོབ་པར་དགའ་ཞེན་དང་བརྩི་མཐོང་གིས་གཞན་ཕན་བྱ་བ་བྱེད་ཅིང་བདེ་སྐྱིད་ངང་འཚོ་དགོས་ཞེས་ངས་གྲོགས་པོ་དང་སློབ་མ་རྣམས་ལ་བསླབ་བྱ་ཡིན།

You are here: མདུན་ངོས། གསར་གནས། ༢༠༡༡ གསར་མཛོད། འཁོར་བའི་ཆོས་ཉིད་མི་རྟག་པ།