༢༠༡༡ གསར་མཛོད།

དད་དམ་གྱི་འབྲེལ་བ།

༄༅། །ཉིན་ཤས་གོང་འབྲས་ལྗོངས་དང༌། བལ་ཡུལ། འབྲུག་བཅས་སུ་ས་ཡོམ་ལན་གསུམ་བྱུང་སྟེ་སྐྱེ་འགྲོ་སེམས་ཅན་མང་པོ་རྐྱེན་ལམ་དུ་ཕྱིན་པས་གབལོ་ཕམ་གྱི་རང་བཞིན་དང༌། ངས་སྔོན་དུ་བརྗོད་པ་བཞིན་གོད་ཆག་འདི་ནི་ང་ཚོར་ཁོར་ཡུག་ལ་གཅེས་སྤྲད་ཀྱིས་རང་བྱུང་ཁམས་སྲུང་སྐྱོབ་བྱེད་དགོས་པའི་ཉེན་བརྡ་ཞིག་ཡིན། ཡང་གསང་གནས་ཤིག་བརྗོད་ན། ས་འགུལ་འདི་དག་ངའི་ཞིང་དུ་གཤེགས་པའི་རྩ་བའི་བླ་མ་དམ་པ་སངས་རྒྱས་ཀྱི་ས་ལ་གཤེགས་པའི་རྟགས་མཚན་ཞིག་ཡིན་པར་ངོས་འཛིན་ཞུ་གི་ཡོད།

བདག་ཅག་གི་སྟོན་པ་སངས་རྒྱས་པའི་ཚེ་ན་ས་འགུལ་ལན་དྲུག་བརྒྱབ་པ་དང༌། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་སྐུ་ཞི་བར་གཤེགས་པའི་ཚེ་ན་ས་འགུལ་དྲག་པོ་ལན་དགུ་བྱུང་བ་དང༌། ཀུན་མཁྱེན་པདྨ་དཀར་པོ་སྐུ་ཞི་བར་གཤེགས་པའི་ཚེ་ན་ས་འགུལ་ཉིན་ཤས་བསྟུད་མར་བྱུང༌། དེ་བཞིན་༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་ཞིང་དུ་གཤེགས་དུས་བོད་དུ་སྔར་བྱུང་མྱོང་མེད་པའི་ས་གཡོས་བྱུང་བ་རེད།

ཁྱེད་ཅག་ཡིད་མ་ཆེས་ནའང་གནད་འགག་མི་འདུག ངས་འདི་ལྟར་ཡིད་ཆེས་བྱེད་ཀྱི་ཡོད། ངའི་རྩ་བའི་བླ་མ་སྔོན་ཚུད་ནས་སངས་རྒྱས་ཟིན་ནའང་རང་ཅག་ཚོའི་ཆེད་རྟགས་མཚན་ད་ལྟ་བསྟན་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད། རྟགས་མཚན་འདི་རྣམས་ཀྱིས་ཁོང་གནས་སྐབས་སངས་རྒྱས་ཀྱི་ཞིང་ཁམས་སུ་བཞུགས་རྒྱུ་ཡིན་པའི་བརྡ་ཡིན། འདི་ཀུན་ཡིད་ཆེས་བྱེད་དཀའ་བ་དང་རྟོགས་དཀའ་བ་ཞིག་ཡིན་པ་ངས་ཤེས་ཀྱི་ཡོད། ང་ཚོས་འདི་རྒྱས་བཤད་ཀྱིས་གླེང་སློང་བྱེད་དགོས་དོན་མི་འདུག

དགེ་འདུན་ཕོ་མོ་ ༦༠༠ ཙམ་ལྷན་དུ་ངས་ཞག་གཉིས་རིང་ཚོགས་མཆོད་ཟབ་རྒྱས་ཕུལ་བ་ཡིན། འདི་ནི་ཡིད་སྐྱོ་བའི་གནས་སྐབས་ཤིག་ཡིན་རུང༌། སམེས་ཅན་གྱི་དོན་དུ་ཁོང་གི་ཡང་སྲིད་མྱུར་དུ་བྱོན་ངེས་ཡིན་པར་ང་ཚོས་ཡིད་ཆེས་བྱེད་དགོས། དེ་ཟེར་དགོས་དོན་ནི། ངའི་ཉེ་འཁྲིས་སུ་བཞེངས་བཞིན་པའི་དགོན་པ་བཞེངས་འགྲུབ་མེད་པ་དང༌། དེ་ལྟ་བུའི་མཛད་འཕྲིན་མཇུག་སྐྱོང་རྒྱུ་ལྷག་པ་མང་པོ་ལུས་ཡོད་པས། འགྲོ་དོན་མཇུག་སྐྱོང་སླད་ཡང་སྲིད་མྱུར་དུ་ཕེབས་རྒྱུ་ཡིན་ཅིང༌། དེ་ཡང་སྐྱེ་བ་འདི་ཙམ་མིན་པར་སྐྱེ་བ་མང་པོར་འགྲོ་དོན་སྐྱོང་དགོས་པ་ཡོད། ང་ཚོ་ལྟ་བུ་ཐུགས་བརྩེ་རྗེས་འཛིན་གྱིས་བཀའ་ཆོས་ཀྱི་འཁོར་ལོ་བསྐོར་གནང་རྒྱུ་ནི་ཐུགས་འགན་ཆེན་པོ་ཞིག་ཡིན་ལ། ང་ཚོ་བྱང་ཆུབ་ཀྱི་ལམ་ལ་འགོད་རྒྱུར་ཡུན་རིང་འགོར་ངེས་ཡིན།

འབྲུག་ལུགས་ཀྱི་བླ་མ་མཆོད་པའི་སྒོ་ནས་ཚོགས་འབུམ་ཕུལ་ཞིང༌། བླ་མ་མཆོད་པ་ནི་རྩ་བའི་བླ་མ་དང་བླ་མར་དད་པ་དང་འབྲེལ་བའི་ཆོ་ག་ཞིག་ཡིན། ཡང་དེ་རིང་བླ་མ་རིན་པོ་ཆེ་གང་ཉིད་དང་དམིགས་བསལ་འབྲེལ་བ་ཡོད་པའི་ཡང་ཏིག་སྒོ་ནས་ཚོགས་མཆོད་ཕུལ་བ་ཡིན། སྒྲུབ་མཆོད་འདི་ནི་ང་རང་དང་ཡང་དམིགས་བསལ་འབྲེལ་བ་ཡོད་པ་ཞིག་ཡིན། ངའི་ཐུགས་བརྩེ་ཅན་གྱི་ཞིང་གཤེགས་བླ་མ་རིན་པོ་ཆེས་ང་ལ་ཡང་ཏིག་གི་ཉམས་ལེན་བྱེད་དགོས་པའི་བཀའ་ནན་གནང་བ་ཙམ་མ་ཟད་གཏེར་ཆོས་འདིའི་བསྟན་བདག་ཀྱང་ངོས་རང་ཡིན་པའི་བཀའ་གནང་བ་དང༌། ཟབ་ཁྲིད་དང་རྒྱས་ཁྲིད་ཡུན་རིང་གནང་མྱོང༌། དེར་བརྟེན་ངས་བཙུན་མ་རྣམས་དང་ཡང་ཏིག་ལ་དད་མོས་ཡོད་པའི་དད་ལྡན་བཅས་དང་མཉམ་དུ་ཡང་ཏིག་གི་སྒོ་ནས་ཚོགས་མཆོད་ཕུལ་བ་ཡིན།

བློ་ཕམ་པའི་གནས་ཚུལ་ཞིག་ལ་ཁོང་ལོ་ལྔ་དྲུག་གོང་ནས་དགོངས་པ་གཞན་དུ་གཏད་ཟིན་ཚོད་འདུག དེ་ཡང་ཁོང་གི་སློབ་མ་དང་རྗེས་འཇུག་འགའི་བྱ་སྤྱོད་ལ་ལོ་མང་རིང་ཐུགས་དགོངས་འགལ་བ་ལ་བརྟེན་དུས་མ་རན་གོང་ནས་ཞི་བར་གཤེགས་པའི་རྐྱེན་བྱས་པ་རེད། འདིའི་སྐོར་ཞིབ་ཕྲ་ཤོད་འདོད་མི་འདུག གང་ལྟར་ཡང༌། ང་ཁོང་ལྟ་བུ་ཞིག་ཡིན་ན་ལོ་མང་པོའི་སྔོན་ནས་གཤེགས་ཡོད་འགྲོ། ངའི་ཡབ་ལྟ་བུ་ཡིན་ན། བྱང་ཆུབ་སེམས་དཔའ་ཆེན་པོ་ནི་རྐྱེན་གང་གིས་ཀྱང་ཐུགས་ཞུམ་མི་རུང༌། ཞེས་གསུངས་ཀྱི་རེད། ངས་དེ་ལ་མོས་མཐུན་ཡོད་ཀྱང་འདི་ལྟར་གྱིས་ལས་དོན་འགྲུབ་མི་ཐུབ། ངས་རྒྱུན་དུ་བླ་མའི་སྐུ་ཚེབརྟན་དང་མ་བརྟན་བརྒྱ་ཆ་ ༩༥ ཞལ་སློབ་རྣམས་ལ་རག་ལུས་པ་དང༌། ལྷག་པར་ཐུགས་ཉེ་བའི་ཞལ་སློབ་རྣམས་ལ་རག་ལུས་ཀྱི་ཡོད་པ་དང༌། བརྒྱ་ཆ་ ༥ སྨན་དང་ཟས་སྤྱོད། འཕྲོད་བསྟེན་བཅས་པར་རག་ལུས་ཀྱི་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད། དེར་བརྟེན་སློབ་མའི་ལས་འགན་ཤེས་དགོས་གལ་ཆེ་ཞིང༌། སློབ་མ་བྱེད་པར་ལས་སླ་པོ་མེད། རང་གི་བླ་མའི་སྐུ་ཚེ་རང་གི་ལག་པར་ཡོད་སྟབས་ཉེན་འགན་ཆེན་པོ་ཞིག་རེད། འདི་ལྟ་བུའི་བླ་སློབ་དད་དམ་གྱི་འབྲེལ་བ་ཞིག་མེད་པར་སངས་རྒྱས་གྱི་གོ་འཕང་ཐོབ་ཐབས་མི་སྲིད་པ་ལྟ་བུ་རེད། གོ་འཕང་ཐོབ་རྒྱུ་མེད་པའི་འཁྲབ་སྟོན་ཙམ་ཞིག་ལ་འགྱུར་གྱི་རེད།

གལ་ཏེ་བླ་མ་དེ་བདག་འཛིན་ཆེ་ལ་འཇིག་རྟེན་ཆོས་བརྒྱད་ཀྱི་དབང་དུ་སོང་བ་ཞིག་ཡིན་ན་དམ་ཚིག་ཉམས་ཆགས་ཀྱིས་ཁྱད་པར་ཆེན་པོ་ཞིག་ཡོང་གི་མ་རེད། གང་ཡིན་ཟེར་ན། ཁོའི་དམིགས་ཡུལ་རང་སོ་སོ་རེད། བླ་མ་དེ་རིགས་ལ་གཏམ་དང་གྲགས་པ་དང༌། སློབ་ཚོགས་ཆེན་པོ་འདུ་དགོས་པ་ལས། སློབ་མའི་སྤུས་ཚད་དེ་གལ་ཆེན་པོ་མ་རེད། དེ་ལས་ལྡོག་སྟེ། བླ་མ་མཚན་ལྡན་རྣམས་ཀྱིས་སློབ་མའི་གྲངས་འབོར་ལས་སྤུས་ཚད་དེ་གལ་ཆེ་བར་འཛིན་པ་ཡིན། སློབ་མ་ཞིག་གི་ཆ་ནས་རང་ཉིད་བླ་མ་ག་འདྲ་ཞིག་གི་རྗེས་སུ་འཇུག་གི་ཡོད་མེད་ཤེས་དགོས་པ་རེད། བླ་མ་མཚན་ལྡན་རྣམས་ལ་རང་གི་བརྒྱུད་པ་དེར་དམ་སེལ་མེད་པར་སྐྱོང་སླད་སྣོབ་མ་མཚན་ལྡན་དགོས་པ་ཡིན། གསང་སྔགས་རྡོ་རྗེ་ཐེག་པར་དམ་ཚིག་གལ་ཆེན་པོ་ཡིན། འོན་ཀྱང་དེའི་སྐོར་ང་ཚོས་གླེང་མོལ་ཞེ་དྲག་བྱེད་ཀྱི་མེད་པ་དང༌། ང་ཚོ་ཁ་ཅིག་ནས་འདིའི་སྐོར་ཆོས་བཤད་བྱེད་རྒྱུ་ཡང་བཞག་ཡོད། ནམ་ཕྱེད་ཙམ་བར་འཆམ་མཐུན་དགོས་པ་དང༌། དད་པ་དགོས་སྐོར་བཤད་ནས་ཕན་པ་མེད། བླ་མ་མཚན་ལྡན་ཞིག་ལ་སློབ་མ་མཚན་ལྡན་གྱི་རྒྱབ་བསྐྱོར་དགོས་པ་ཡིན་ཅིང༌། འདི་ལ་ཐུག་དུས་ངོས་རང་ཅི་སྨྲ་མེད་པར་གྱུར་གྱིས།

ཐོག་མར་རང་ཉིད་ཆོས་སྒོར་ཞུགས་པའི་དམིགས་ཡུལ་དེ་སེམས་ཅན་གཞན་གྱི་ཆེད་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་བྱེད་རྒྱུ་དེ་ཡིན་མིན་བརྟག་དགོས། གལ་ཏེ་དེ་ལྟར་མིན་ན། སློབ་མའི་སྤུས་ཚད་ལས་གྲངས་འབོར་གལ་ཆེ་བར་འཛིན་པའི་བླ་མ་དེའི་རྗེས་སུ་འགྲོ་དགོས། ཡང་གལ་ཏེ་རང་ཉིད་ཆོས་ཡང་དག་ཅིག་བྱས་ཏེ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་མཁན་ཞིག་ཡིན་ན་སློབ་མའི་གྲངས་འབོར་ལས་ཡོཏྣན་གལ་ཆེ་བ་བརྩི་མཁན་གྱི་བླ་མ་ཞིག་གི་རྗེས་སུ་འཇུག་དགོས། བླ་མའི་ཐུགས་དགོངས་བསྒྲུབ་པ་ལས་ལྷག་པའི་མཆོད་པ་མེད་ཅིང༌། བླ་མའི་སྐུ་ཚེ་བརྟན་པར་བྱས་པའི་དགེ་རྩ་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན།

དེང་སང་ཡ་མཚན་པ་ཞིག་ལ་མི་རྣམས་ཀྱིས་རང་གི་བླ་མར་བརྩེ་ཞེན་བྱེད་ཅིང་སྐུ་ཚེ་ཞབས་པད་བརྟན་པའི་རེ་འདོད་ཀྱང་བྱེད་ཀྱི་ཡོད་ཀྱང༌། སྤྱོད་ལམ་སྲུང་གི་མེད། དེ་ནི་གྲིའི་རྣོ་ངོ་ནས་སྦྲང་རྩི་ལྡག་པ་བཞིན་ཡིན། རང་ཉིད་བླ་མ་དང་ལྷན་དུ་ཡོད་པའི་སྲེད་བློས་བཅོས་པའི་འཆར་སྣང་ཞིག་ཡོད་ཅིང༌། མཐའ་འབྲས་སུ་བླ་མའི་ཐུགས་དགོངས་དཀྲུགས་ཏེ་རང་ཉིད་དམྱལ་བར་སྐྱེ་བའི་རྒྱུ་བསྒྲུབ་པ་ཡིན་ལ། འདི་ནི་རང་གིས་རང་ལ་མགོ་སྐོར་གཏོང་བ་ཞིག་ཡིན། ཐོག་མར་བླ་མ་དང་སྲེད་བློའི་འབྲེལ་བ་ཞིག་བྱེད་འདོད་པ་འདི་ནི་བླ་མ་དང་སློབ་མ་གཉིས་ཀར་གནོད་ཚབ་ཆེ་བ་ཞིག་ཡིན་པས་ཟབ་ཟབ་བྱེད་དགོས།

མཁྱེན་གསལ་ལྟར་ཁམས་སྤྲུལ་རིན་པོ་ཆེའི་ལྷན་དུ་ངས་ཁྲོ་མ་ནག་མོའི་ཉམས་ལེན་སྐོར་ཆོས་བཤད་བྱེད་རྒྱུ་ཡིན། དེའི་བརྒྱུད་པ་ནི་གསར་པ་ཡིན་ལ་ཐུང་ཐུང་རེད། ངས་རང་གི་རྩ་བའི་བླ་མ་ཞིང་གཤེགས་རྣམས་དང༌། ངའི་ཡབ་ཀྱི་དྲུང་བཅས་ནས་ལན་མང་ཞུས་པ་ཡིན། གུ་རུ་རིན་པོ་ཆེ་ནས་ང་བར་ལ་བླ་བརྒྱུད་གསུམ་བཞི་ཙམ་ཞིག་མ་གཏོགས་མེད་ཅིང་གུ་རུ་རིན་པོ་ཆེ་དང་ངའི་ཆོས་བརྒྱུད་དང་འབྲེལ་བ་ཡོད་མཁན་ཚོར་ད་རེས་ཆོས་བཤད་ཀྱི་གོ་སྐབས་བྱུང་བར་དགའ་པོ་བྱུང༌། ངས་ངའི་ཆོས་བརྒྱུད་ཅེས་བརྗོད་སྐབས་མི་མང་པོ་ཞིག་གིས་ངའི་ཀུན་སློང་ལ་རྣམ་རྟོག་བྱེད་ཀྱི་ཡོད་པ་འདྲ། ངས་འཐེན་འཁྱེར་སྤེལ་གྱི་མེད་ཅིང༌། རིས་མེད་ཉམས་ལེན་བྱེད་པར་ཆོས་བརྒྱུད་ཅིག་ཉམས་སུ་ལེན་དགོས་པ་ཡིན། དེ་མིན་བྱིན་རླབས་འཇུག་ཐབས་མེད་ཅིང་བརྒྱུད་པའི་བྱིན་རླབས་མེད་པར་སངས་རྒྱ་ཐབས་མེད། ཉིན་གཅིག་ལ་ཚོུད་ ༢༤༠ ཡོད་ཅིང་འཁོར་བའི་སྡུག་བསྔལ་རྩ་ནས་མེད་ན་མ་གཏོགས་ནང་ཆོས་དང་ཕྱི་པའི་ཆོས་ཀུན་ཉམས་ལེན་བྱེད་པའི་དུས་ཚོད་ག་ནས་ཐོབ་བམ། དེས་ན་སྤྱང་གྲུང་འཛོམས་པའི་ཐབས་ཤེས་ནི། རང་དང་འབྲེལ་བ་ཡོད་པའི་ཆོས་བརྒྱུད་དེ་ལས་ཡོངས་ཁྱབ་ཡེ་ཤེས་དང་སྙིང་རྗེ་བསླབ་རྒྱུ་དེ་རེད་ཅེས་པ་ལས་ལྷག་པ་ངས་གང་ཡང་ཟེར་གྱི་མེད། ཆོས་བརྒྱུད་གཞན་དང་སེམས་ངོ་འཕྲོད་རྒྱུར་ཕན་པའི་ཆོས་ལུགས་གཞན་ཀུན་ལ་དག་སྣང་ངེས་པར་སྦྱང་དགོས་པ་ཡིན།

ངག་འཁྱལ་དང་སྟོང་གཏམ་ནི་བླ་སློབ་དབར་གྱི་དད་དམ་དང༌། བླ་མ་གཅིག་པའི་རྡོ་རྗེ་མཆེད་གྲོགས་ནང་ཁུལ་གྱི་དམ་ཚིག་སེལ་ལྷད་ཀྱི་རྐྱེན་གཙོ་བོ་ཞིག་ཡིན་འདུག་པས་ན། ངས་ཆོས་པ་རྒན་གྲས་ཚོར་ཕན་མེད་ཀྱི་ངག་འཁྱལ་སྣང་མེད་དུ་འཇོག་དགོས་པ་དང༌། དེ་དག་གོ་རྟོགས་དང་སྙིང་རྗེ་ཉམས་ལེན་གྱི་གོ་སྐབས་སུ་བརྩི་དགོས་པའི་བསླབ་བྱ་བྱེད་རྒྱུ་ཡིན། ཡང་སློབ་མ་གསར་བུ་རྣམས་ལ་ངས་ངག་འཁྱལ་དང་སྟོང་གཏམ་ཤོད་རྒྱུར་ངན་ལང་ཤོར་བ་རྣམས་གཡོལ་ལ། དེ་དག་དང་མ་འགྲོག་ཅེས་བསླབ་བྱ་བྱ་རྒྱུ་ཡིན། ངག་འཁྱལ་བ་དང་འགྲོག་ན་རང་ཉིད་ཀྱང་ཁོང་ལྟར་ཆགས་རྒྱུ་ཡིན་ངེས་རེད།

ཆོས་སྒོར་ཞུགས་ཙམ་པའི་དོ་སྣང་ཅན་ལ་ཚིག་ཁ་ཤས་བརྗོད་རྒྱུར། ཐོག་མར་བདེ་བ་མཐར་ཐུག་སྒྲུབ་པའི་ལམ་ཞིག་ལ་ཞུགས་དགོས་པ་དང༌། གཞན་ལ་བདེ་སྐྱིད་བསྐྲུན་ན་རང་ཉིད་ལ་བདེ་བ་འབྱུང་བ་ཡིན་པས། ཚིག་རྩུབ་སྤང་དགོས་པ་དང༌། གཞན་ལ་སྐྱོན་བརྗོད་ཀྱིས་འཆམ་མཐུན་མེད་པ་བཟོ་མི་རུང༌། ལྷག་པར་དུ་བླ་མ་གཅིག་པའི་དགེ་འདུན་གྱི་སྡེའི་ནང་མི་མཐུན་པ་བཟོ་བ་ནི་སྡིག་པ་ཚབ་ཆེ་བའི་ལས་ཡིན། གཉིས་པ། སྐད་ཆ་མ་བཤད་གོང་གང་བརྗོད་པར་བྱ་བའི་གཏམ་དེས་གཞན་ལ་ཕན་པ་འདུག་གམ་གནོད་པ་འདུག གཏམ་དེ་རང་ཉིད་ཀྱི་བདག་འཛིན་འཕར་བའི་རྒྱུ་ཞིག་ཏུ་འདུག་མནོ་བསམ་གཏོང༌། གལ་ཏེ་གཏམ་དེ་དག་རང་གི་སེམས་རྒྱུད་ལ་ཕན་པ་ཞིག་མི་འདུག་ན་དེ་དག་སྟོང་པའི་ངང་དུ་ཐིམ་པར་བྱེད་ལ་ཅི་ཡང་མི་སྨྲ་བར་འདུག གསུམ་པ། གཏམ་ཉུང་ཙམ་ཤོད། གལ་ཏེ་གང་ཉིད་སྐད་ཆ་མང་པོ་ཤོད་དགོས་མཁན་ཞིག་ཡིན་ན་བླ་མའི་བཀའ་བཞིན་གཟུངས་སྔགས་དག་བགྲང་གསོག་བགྱིས། མཐའ་མར། འཛམ་གླིང་འདིའི་ནང་རང་ཉིད་སྐྱིད་པར་བྱེད་པའི་གནས་ཚུལ་རྣམས་བསམ་བློ་གཏོང༌། སེམས་པ་སྐྱིད་ན་ཞེ་སྡང་དང༌། ཕྲག་དོག། ཁོང་ཁྲོ། ང་རྒྱལ་སོགས་མ་རིག་པའི་དུག་རྣམས་ཉུང་དུ་འགྲོ་བ་དང་ཆབ་ཅིག་རང་གི་ངག་འཇམ་པ་དང་སེམས་དགེ་བ་སོགས་ཀྱི་ལེགས་ཆ་ཡོད། མཇུག་བསྡོམ་དུ། གཞན་གྱི་བྱུས་གཏོགས་ཉུང་ཙམ་བྱས་ནས་རང་དོན་ལ་འབད། ནང་སེམས་རྒྱུད་འབྱོང་བར་འབད། གཞན་ལ་མཛུབ་མོ་འཛུགས་ཀྱིན་སྡོད་པ་ལས་རང་གིས་རང་ལ་བལྟ་ན་ལེགས། རང་གིས་རང་ལ་བརྟགས་ན་ཡར་རྒྱས་ཀྱི་གོ་སྐབས་ཐོབ་པ་ཡིན་ལ། གཞན་ལ་མཛུབ་མོ་བཙུགས་ན་མི་མཐུན་པའི་འཚོར་བ་སྐྱེ་བར་བྱེད་པ་དང་རང་ལ་དགྲ་ཡང་མང་དུ་འགྲོ་བ་ཡིན། ངས་གཏམ་འདི་ཀུན་སུ་ལ་ཟེར་གྱི་ཡོད་དམ་སྙམ་པའི་དྭོགས་འདྲི་མ་བྱེད། ངས་སུ་ཡང་དམིགས་སུ་བཀར་ནས་བརྗོད་ཀྱི་མེད། ཚང་མས་རང་རང་ལ་བརྟགས་དཔྱད་ཡོང་བའི་ཆེད་དུ་བརྗོད་པ་ཡིན། ངས་ཀྱང་འདི་བྲི་བཞིན་དུ་རང་ལ་བརྟགས་དཔྱད་བྱ་བཞིན་ཡོད།

ཁྱེད་ཅག་གིས་ངག་ནི་འཚེ་བ་མེད་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་འགྲོ། འོན་ཀྱང་མི་དགེ་བའི་ངག་དང་ལྷག་པར་དུ་ཁུངས་མེད་སྐྱོན་བརྗོད་དང་ངག་འཁྱལ་ལས་གནོད་ཆེ་བ་གང་ཡང་མེད། དེས་ན་འབྲུག་ཨ་མི་ཏ་བྷར་ཁྲོ་མོ་ནག་མོའི་ཆོས་འབྲེལ་སྐབས་ཆོས་ཞུ་བ་ཀུན་ངག་བཅད་ཀྱི་སྡོམ་པ་ལེན་དགོས་བསམ་གྱིས། འདིས་ཆོས་ཀྱི་གོ་བར་རིག་པ་བསྒྲིམ་པའི་མཐུན་འགྱུར་ཡོང་གི་རེད། ད་ལམ་འདི་ཙམ་ལས་བརྗོད་རྒྱུ་མེད། ཉིན་ཤས་རིང་བཀླག་ནའང་ལྡེང་ངེས་བྲིས་ཡོད།

You are here: མདུན་ངོས། གསར་གནས། ༢༠༡༡ གསར་མཛོད། དད་དམ་གྱི་འབྲེལ་བ།