༢༠༡༡ གསར་མཛོད།

སྡུག་བསྔལ་གྱི་རྐྱེན་བྱས་པ་ལ་བརྟེན་ནས་ང་ཚོ་སྡུག་བསྔལ་མྱོང་བ་ཡིན།

༄༅། །ཁ་སང་བོད་ལུགས་ལོ་ཐོའི་ཚེས་བརྒྱད་ཡིན་པ་དང༌། སངས་རྒྱས་སྨན་ལྷའི་དུས་མཆོད་ཀྱང་ཡིན་པས་སེམས་ཅན་གཅིག་བསད་པའམ་འཆི་བའི་རྐྱེན་བྱས་པ་ཡིན་ན་དེའི་སྡིག་པ་འབུམ་འགྱུར་ཡོང་བ་ཡིན།

སྟབས་མ་ལེགས་པ་ཞིག་ལ་ཉིན་དེ་བལ་ཡུལ་ཧིནྡུའི་ལོ་ཐོའི་དུས་ཆེན་ཆེ་ཤོས་དཱ་སཱཡེ་ཞེས་པ་དང་སྟབས་འཁེལ་འདུག རཱམ་ནའི་རྟོགས་བརྗོད་ལྟར་ན། ལྷ་མ་ཡིན་ཆེན་པོ་མཧཱ་ཨ་སུ་རས་མ་ཧེ་ཞིག་ཏུ་སྤྲུལ་ནས་འཇིག་རྟེན་གྱི་ཁམས་སྐྲག་པར་བྱེད་སྐབས་ལྷ་མོ་དཱུར་གས་དེ་བཏུལ་བའི་དུས་མཆོད་དུ་བརྩི་བ་དང༌། དུས་མཆོད་དེའི་ཉིན་བཅོ་ལྔའི་རིང་ལྷ་ཁང་ཀུན་ཏུ་སེམས་ཅན་གྲངས་མེད་བསད་དེ་ལྷ་མོ་དཱུར་གར་མཆོད་པ་བྱེད་སྲོལ་ཡོད། མ་ཧེ་དང༌། གླང༌། ར། ལུག། བྱ་དེ་སོགས་ཀྱི་ཁྲག་ལྷ་ཁང་གི་སྐས་འཛེག་ནས་རྒྱུགས་པ་དང༌། ལྷ་ཁང་གི་ལམ་དུ་དུས་ཆེན་རིང་དམར་མཆོད་ཕུལ་བའི་ཁྲག་གི་མཚེའུ་འཁྱིལ་གྱི་ཡོད།

 

ཁ་སང་ནི་ལས་ཚབ་པོ་ཆེ་འདི་འདྲ་བྱེད་པའི་དུས་ངན་ཞིག་ཏུ་གྱུར། དགེ་བ་རླབས་ཆེན་གསོག་པའི་དུས་བཟང་དེ་ཆོས་ཀྱི་མིང་དུ་སེམས་ཅན་གསོད་པའི་ལོ་སྟོང་ཕྲག་གི་གོམས་སྲོལ་དེའི་དུས་ཚིགས་དང་ཏག་ཏག་འཁེལ། གཞན་ལ་འདི་ལྟ་བུའི་སྡུག་བསྔལ་བསྟེར་ན་ང་ཚོར་བདེ་སྐྱིད་གང་ནས་འབྱུང་ངམ། ང་ཙམ་མ་ཡིན་པར་སེམས་ཅན་གཞན་ལ་བརྩེ་བ་ཕྲན་བུ་ཡོད་རིགས་ཀུན་ནས་ཁ་སང་དགེ་བསྒྲུབ་ལ་འབད་ཐབས་བྱས་རེད། ཆོས་ཀྱི་མིང་བེད་སྤྱད་དེ་སེམས་ཅན་གྱི་སྲོག་གཅོད་པ་ནི་རང་གཞན་གཉིས་ཀར་གནོད་པའི་ལས་ཐ་ཤལ་དེ་ཡིན། སྡུག་རྩུབ་དང༌། ན་ཟུག སྡུག་བསྔལ་བཅས་ཀྱི་དོན་ངོ་མ་རྟོགས་ནས་ལས་ངན་འདི་རིགས་མཚམས་འཇོག་ཡོང་བའི་རེ་བ་ཡོད།

སྒེར་ངོས་ནས་ངས་ལོ་བཅུ་ཕྲག་མང་པོའི་རིང་གསོལ་བ་སྨོན་ལམ་བཏབ་བཞིན་པ་དང༌། མི་ཁ་ཅིག་ནས་སྡུག་རྩུབ་འདི་རིགས་ལ་ངོ་རྒོལ་གྱི་ལས་འགུལ་ཞིག་ཀྱང་བྱེད་ཀྱི་ཡོད་ཚོད་ཀྱང༌། ཁོང་ཚོ་ནུས་སྟོབས་ཞན་པ་དང་ཆོས་ཀྱི་མིང་ཐོག་སྲོག་གཅོད་བྱེད་མཁན་ཚོ་དབང་ཤུགས་ཆེ་བ་ཡོད་འདུག ཡུ་རོབ་ཁུལ་དུ་རྔོན་པ་ཀུན་ནས་སྒྲིག་འཛུགས་སྟོབས་ལྡན་ཞིག་བཟོས་ཏེ་གཞུང་ལའང་ནུས་པ་མེད་པ་ལྟ་བུར་གྱུར་ཡོད་པ་འདྲ། འདིར་ཡང་དེ་ལྟར་ཡིན། སྲོག་གཅོད་པ་རྣམས་དབང་སྟོབས་ཆེ་བས་ང་ཚོ་ཅི་བྱ་གཏོལ་མེད་དུ་གྱུར་ནས། ངའི་སྨོན་ལམ་དེ་འགྲུབ་རྒྱུར་ངང་སྒུག་བྱེད་རྒྱུ་ཙམ་ལས་བྱ་ཐབས་དབེན།

ཁ་སང་ངས་ཆོས་བཤད་བྱེད་པའི་སྐབས་མིག་ཆུ་དབང་མེད་དུ་ཤོར་ནས་ཆོས་བཤད་མཚམས་འཇོག་བྱེད་དགོས་བྱུང་ཞིང༌། སེམས་ཅན་སྲོག་ཤོར་བ་དང༌། སྲོག་གཅོད་མཁན། དེ་བཞིན་ལས་དེ་དང་འབྲེལ་ཐོག་ཀུན་གྱི་ཆེད་སྨོན་ལམ་འདེབས་པ་ཙམ་ལས་གཞན་བྱ་རྒྱུ་གང་ཡང་མི་འདུག ང་ཚོར་གཞན་གྱི་སྲོག་གཅོད་པའི་ཁེ་དབང་ག་ནས་ཡོད་དམ། ང་ཕྱི་རྒྱལ་ལ་འགྲོ་སྐབས་ཆུ་རྫིང་ནང་བཞག་པའི་སྲོག་ཆགས་རུས་སྦལ་དང༌། ཤ་མིག་དང༌། སྡིག་སྲིན་གསོན་པོ། ཉ་དང་ཤ་བྱན་པ་ལོངས་སུ་སྤྱོད་བཞིན་པའི་མི་རྣམས་མཐོང་དུས་ངས་སྲོག་ཆགས་དེ་ཚོའི་སྲོག་བསླུ་ཐབས་བྱས་ཀྱང་ཡ་ང་སྙིང་རྗེ་མེད་པའི་ཟ་ཁང་གི་བདག་པོས་ང་ལ་ཁ་ཡ་མ་བྱེད་པས་ཅི་བྱ་མེད་པ་ཡོང་གི་འདུག ལོ་ངོ་སྟོང་ཕྲག་མང་པོར་ང་ཚོས་བྱམས་སྙིང་རྗེ་དང་ཤེས་རྟོགས་བསླབ་ཕྱིར་ཡང་ཡང་ཡོང་ཡང་མི་རྣམས་ནི་གནས་སྐབས་ཀྱི་བདེ་བས་མིག་ལོང་སྟེ་གཞན་ལ་སྡུག་བསྔལ་མྱོང་བཅུག་པ་དང༌། སྲོག་གཅོད་པ། སེམས་ཅན་དེ་ཚོའི་ཤ་ཟ་བ་སོགས་མ་རུང་བའི་ལས་རྐྱང་རྐྱང་བྱེད་པ་དང༌། དེ་ཀུན་ཀྱང་བྱམས་པ་དང༌། ཆོས་དང༌། ཞིམ་ཟས་དང༌། ལྷ་བླ་མར་མཆོད་པའི་མིང་ཐོག་བྱེད་ཀྱི་ཡོད། སྐབས་རེ་བསམ་བློ་གཏོང་སྐབས་ཡིད་ཐང་ཆད་དེ་འདིར་དུས་ཚོད་ཆུད་ཟོས་བཏང་ནས་ཕན་པ་མི་འདུག་བསམ་པ་དང༌། གལ་ཏེ་མི་རྣམས་འགྱུར་བ་མ་ཕྱིན་ན་དང༌། ལྷག་པར་དུ་ངའི་སློབ་མ་དང་གྲོགས་པོ་ཚོ་འགྱུར་བ་མ་ཕྱིན་ན་དགེ་མཚན་མི་འདུག་བསམ་པ་ཡོང་གི་འདུག

ང་ཚོས་རང་འདོད་དང་བདག་འཛིན་ཁོ་ནའི་ཆེད་གཞན་གྱི་སྲོག་གཅོད་པ་དང་ཚིག་རྩུབ་སྨྲ་བ་སོགས་ཀྱིས་གཞན་ལ་སྡུག་བསྔལ་སྦྱིན་ན་དེར་འབྲས་བུ་བཟང་པོ་གང་ཡང་ཡོང་རྒྱུ་མིན་པ་ཤེས་དགོས་པ་དང༌། རང་གིས་རང་ལ་དེ་དྲན་སྐུལ་ཡང་ཡང་བྱེད་དགོས། གཞན་ལ་སྦྱོར་བ་ངན་པ་བྱས་ན་དེའི་འབྲས་བུར་རང་ལ་སྡུག་བསྔལ་མ་གཏོགས་གཞན་མེད། རང་ལ་བདེ་བ་འདོད་ན་གཞན་ལ་བདེ་བ་བསྒྲུབ་དགོས་པ་དང་བློ་སྒོ་ཡངས་པོ་བྱེད་དགོས། དེ་མིན་ཆོས་མ་བསྒྲུབ་པར་རང་གི་བདག་འཛིན་གྱི་དབང་དུ་ཤོར་ནས་འཁྲབ་སྟོན་བྱས་པ་ཙམ་ཞིག་རེད། རང་གིས་རང་ལ་ཆོས་བྱེད་ཀྱི་འདུག་གམ་འཁྲབ་སྟོན་བྱེད་ཀྱི་ཡོད་དྲི་དགོས་པ་དང༌། འཁྲབ་སྟོན་བྱེད་ཀྱི་འདུག་ན་དེ་མ་ཐག་ཏུ་མཚམས་འཇོག་བྱེད།

ཁྲི་ཐོག་ཏུ་ངུས་ཏེ་བསྡད་ན་མངོན་ངན་པ་ཞིག་ཡོད་སྟབས། ངས་གད་མོ་དགོད་པ་དང་འཛུམ་འཕྱུངས་བ་སོགས་བྱས་ཏེ་དམར་མཆོད་ཀྱི་གནས་ཚུལ་དེ་བརྗེད་ཐབས་བྱས་པ་ཡིན། ངའི་བདག་འཛིན་གྱིས་མངོན་ངན་པ་བྱེད་འདོད་མེད་སྟབས་མིག་ཆུ་ཕྱིས་པ་དང༌། སྣ་ནས་སྣ་ཆུའང་ཆམ་པ་ན་བ་ལྟར་བབས་ཀྱིས། ལོ་ལྟར་བལ་ཡུལ་ནང་སེམས་ཅན་ས་ཡ་མང་པོའི་དམར་མཆོད་ཕུལ་བ་དང༌། འཛམ་གླིང་ནང་མི་ཚོས་ཤ་མ་ཟས་ན་འཚོ་ཐུབ་ཀྱི་མེད་པ་ལྟ་བུས་སེམས་ཅན་དུང་འཕྱུར་མང་པོ་བསད་དེ་བཟའ་བཞིན་ཡོད། མི་གཞན་ཚོས་ནི་གདོང་སྐྱོ་པོ་ཞིག་བསྟན་ཏེ་སྡོད་པ་ལས་ཐབས་མེད། བླ་ཕམ་ཆེ་ཤོས་ནི་ཆོས་ཀྱི་མིང་ཐོག་སྲོག་གཅོད་པ་དང་སྡུག་གནོན་བྱེད་པ་དེ་རེད། ཤེས་རབ་དང་ཆོས་ཀྱི་མིང་ཐོག་སྡུག་གཅོད་ལས་གཞན་པའི་རེ་བ་མེད་པ་ཡིན་ནམ། མི་འདུག ཁྱེད་ཚོས་ང་བློ་ཁ་ཞུམ་པར་ངོས་འཛིན་བྱེད་སྲིད་ཀྱང་བྱ་ཐབས་བྲལ། ཆོས་ལུགས་ཆེན་པོ་ཞིག་གིས་འདི་འདྲ་བྱེད་ན་མ་འོངས་མདུན་ལམ་རེ་བ་ཟད་པ་ཞིག་རེད། ངས་གནས་ཚུལ་འདི་བསམ་བཞིན་མིག་ལ་མཆི་མ་འཁོར་གྱིས། འདི་ནི་ཁ་སང་གི་གནས་ཚུལ་ཙམ་གྱིས་རྐྱེན་པ་ཞིག་མིན། ང་ཆུང་ངུའི་དུས་ནས་ངུ་བ་དང་གསོལ་བ་སྨོན་ལམ་འདེབས་པ་ལས་ཐབས་མེད་པར་བསྡད་ཡོད། ཤན་རར་འཁྲིད་བཞིན་པའི་ར་ལུག་སེམས་ཅན་གྱི་སྲོག་གང་ནུས་སྐྱོབ་ཐབས་བྱས་ཡོད་ཀྱང་ང་མི་གཅིག་གིས་ཚད་ཅན་ཞིག་ལས་བྱེད་པའི་ནུས་པ་མི་འདུག ང་ལ་མཐུན་རྐྱེན་ཉུང་ཚད་ལས་མེད་ཅིང༌། སྲོག་བསླུའི་དངུལ་ཡང་ཚད་གཞི་ཅན་ལས་མེད་པ་དང་སེམས་ཅན་དེ་རྣམས་འཇོག་ཡུལ་ཡང་ལྡེང་ངེས་མེད། དེ་འདྲ་སོང་ཙང་ང་ལ་ངུ་བ་དང་གསོལ་སྨོན་འདེབས་པ་ལས་ཐབས་མེད།

ཁ་སང་ང་ཚོས་སྨོན་ལམ་རྒྱ་ཆེན་པོ་ཚོགས་པ་དང༌། དེ་རིང་ཡང་སྨོན་ལམ་ཚོགས་བཞིན་ཡོད། ད་ཆ་ང་ཚོས་ངའི་རྩ་བའི་བླ་མ་ཞིང་གཤེགས་ཀྱི་ཆེད་ཚོགས་མཆོད་བསྒྲུབས་པ་དང༌། ད་ཆ་དམར་བསད་བཏང་བའི་སེམས་ཅན་རྣམས་ཀྱི་ཆེད་སྨོན་ལམ་ཚོགས་བཞིན་ཡོད། འདི་ནི་གོད་ཆག་རེད་ཅེས་སུས་ཀྱང་ཟེར་མི་ཕོད་ཀྱང༌། གལ་ཏེ་འཛམ་གླིང་གཞན་ཞིག་ནས་ང་ཚོ་ལས་སྟོབས་ཤུགས་ཆེ་བའི་སེམས་ཅན་བསླེབས་ཏེ་ཁོང་ཚོའི་ཆོས་ནང་འཛམ་གླིང་འདིའི་མི་རྣམས་དམར་མཆོད་འབུལ་རྒྱུ་དེ་དགེ་བའི་ལས་ཆེ་ཤོས་རེད་ཅེས་བརྗོད་ན་ང་ཚོར་འཚོར་བ་ག་འདྲ་ཞིག་ཡོང་གི་རེད་དམ། གལ་ཏེ་ཁོང་ཚོས། མི་ཤ་ནི་བྲོ་བཅུད་ཆེ་བས་མི་ཤའི་ཟས་བཟོ་དགོས་ཟེར་ན་ང་ཚོར་འཚོར་བ་ག་འདྲ་ཞིག་ཡོང་བ་འདུག་གམ། ང་ཚོས་སྨོན་ལམ་འདེབས་དགོས་པ་དང་བྱང་ཆུབ་སེམས་དཔའི་ལམ་ལ་འཇུག་མཁན་ཞིག་ཡིན་པའི་ཆ་ནས་སྲོག་གཅོད་འདི་རིགས་ཡོངས་སུ་འགོག་ཐུབ་པའི་འབད་བརྩོན་བྱེད་དགོས། ང་ཚོས་སངས་མ་རྒྱས་ཀྱི་བར་དུ་སྨོན་ལམ་དང་འབད་རྩོལ་ཚེ་རབས་ནས་ཚེ་རབས་སུ་བྱེད་དགོས་པ་ཡིན། ང་ཚོའི་སྨོན་སེམས་དེ་ལྡོག་ཏུ་མེད་པ་ཞིག་ཡིན།

You are here: མདུན་ངོས། གསར་གནས། ༢༠༡༡ གསར་མཛོད། སྡུག་བསྔལ་གྱི་རྐྱེན་བྱས་པ་ལ་བརྟེན་ནས་ང་ཚོ་སྡུག་བསྔལ་མྱོང་བ་ཡིན།