༢༠༡༡ གསར་མཛོད།

ཉམས་ལེན་ནི་ལག་ལེན་དངོས་སུ་བསྟར་དགོས།

༄༅། །ཆོས་ཉམས་ལེན་བྱེད་མཁན་ཚོས་ཚེས་བཟང་དུས་བཟང་སྐབས་དམིགས་བསལ་དགེ་བའི་ལས་སུ་འབུངས་ཀྱི་ཡོད་པ་ཁྱེད་ཚོས་དོ་སྣང་བྱུང་ཡོད་ཤག་རེད། ང་ཡང་དེ་འདྲ་རེད། དེ་བྱེད་དགོས་དོན་ནི་ཚེས་བཟང་དུས་བཟང་སྐབས་དགེ་བའི་ལས་བྱས་ན་དེའི་ཕན་ཡོན་བརྒྱ་འགྱུར། སྟོང་འགྱུར། དུང་འཁྱུར་གྱི་འགྱུར་ཆེ་བ་ཡོད་པར་ཡིད་ཆེས་བྱེད་པ་རེད། ངས་དེ་བདེན་པ་མ་རེད་ཅེས་ཟེར་གྱི་མེད། དུས་ཚེས་སོ་སོར་ནུས་པ་མི་འདྲ་བ་ཡོད་རེད། འདི་ཅི་འདྲ་ཡིན་ནམ་ཟེར་ན། ང་ཚོ་ཚང་མ་ལེ་ལོ་ཅན་ཤ་སྟག་ཡིན་པས་སྐུལ་ལྕག་བྱེད་ཆེད་རྒྱུ་མཚན་ཚད་ལྡན་ཞིག་མེད་ན་ཉམས་ལེན་བྱེད་རྒྱུའི་སེམས་སྐུལ་མེད་པ་ཡིན། ངས་ཉམས་ལེན་ཞེས་བརྗོད་དུས་སྒོམ་དང༌། ཕྱག་འཚལ་རྒྱུ། འདོན་པ་བཏོན་རྒྱུ་ཁོ་ན་མིན་པར་གཞན་ལ་རོགས་རམ་བྱེད་རྒྱུ། གཞན་ལ་བདེ་སྐྱིད་བསྐྲུན་རྒྱུ་སོགས་དགེ་བའི་ལས་ཚང་མ་ཟེར་གྱི་ཡོད།

ཉིན་ལྟར་ཁ་འདོན་བྱེད་རྒྱུ་དང༌། སྒོམ་བརྒྱབ་རྒྱུ། ཆོས་བཤད་བྱེད་རྒྱུ། བསྟན་བཅོས་བརྩམ་རྒྱུ་བཅས་བྱེད་ཞོར་དུ་ངས་བཙུན་མ་རྣམས་འཁྲིད་དེ་འཕགས་ཤིང་རང་བྱུང་མཆོད་རྟེན་ཆེན་པོར་ཞབས་སྐོར་ཐེངས་གསུམ་རེ་ཕུལ་གྱི་ཡོད། ཐོག་མར་ངས་བདུན་ཕྲག་གཅིག་རིང་འདི་ལྟར་བྱེད་འཆར་ཡང༌། ད་ཆ་ངའི་རྩ་བའི་བླ་མ་ཞིང་གཤེགས་ཀྱི་ཞེ་དགུ་མ་གཙང་བར་དེ་ལྟར་བྱེད་རྒྱུའི་ཐག་གཅོད་བྱས་ཤིང༌། ཞེ་དགུ་ནི་ཕྱི་ཟླ་ ༡༠ ཚེས་ ༢༥ ཉིན་འཁེལ་གྱི་ཡོད་འདུག

ཡང་ཆོས་པ་མང་པོ་ཞིག་གིས་ང་ལ་ཟླ་བ་འདི་ལ་འདི་འདྲ་བྱེད་དགོས་དོན་གང་ཡིན་ནམ་ཞེས་དྲི་གི་འདུག ཟླ་བ་འདི་དམིགས་བསལ་ཅན་ཞིག་མ་རེད། ངས་གོང་དུ་བརྗོད་པ་བཞིན། མི་མང་པོ་ཞིག་ལ་དགེ་བ་བསྒྲུབ་རྒྱུར་ཁ་བཏག་ས་ཞིག་དགོས་ཀྱི་ཡོད་ཅིང༌། རང་གི་མི་ཚེའི་སྐད་ཅིག་སྐད་ཅིག་ཀྱང་གནད་འགག་ཆེན་པོ་ཡིན་པ་ཤེས་ཀྱི་མེད་པ་རེད། སྐད་ཅིག་རེ་རེ་ཡང་གལ་ཆེན་པོ་དང༌། དམིགས་བསལ་ཅན། རིན་ཐང་ཅན་བཅས་ཡིན་ཀྱང་གྱི་ལའི་དབང་གིས་དེ་ལྟར་འཛིན་ནུས་ཀྱི་མེད་པ་རེད། དེ་འདྲ་སོང་ཙང་ཆོས་ཡིན་ནའང་ཟླ་དུས་ཚེས་གྲངས་བཟང་པོ་དམིགས་བསལ་ཞིག་ལ་བྱེད་དགོས་ཀྱི་ཡོད་པ་དང༌། དེ་ནི་རྩ་ནས་མ་བྱས་པ་ལས་དྲག་ཙམ་ཞིག་རེད། ང་ཚོས་འཁོར་བའི་རྒྱ་མཚོ་ལས་གྲོལ་ཏེ་སངས་རྒྱས་ཀྱི་གོ་འཕང་ཐོབ་འདོད་ན་སྐད་ཅིག་སྐད་ཅིག་དང༌། དབུག་གཏོང་རྔུབ་ཐེངས་རེ་རེར་ཡང་ཆོས་ཉམས་ལེན་བྱེད་གལ་ཆེ་བ་ཉམས་མྱོང་ཐོག་ནས་ཤེས་དགོས་པ་ཡིན།

ང་ཚོས་ཕྱི་དྲོ་ཆར་ཅན་རང་གི་བླ་མའི་དགོངས་པ་བསྒྲུབ་ཕྱིར་འཕགས་པ་ཤིང་དཀོན་མཆོད་རྟེན་ཆེན་པོར་བསྐོར་བ་བྱེད་ཀྱི་ཡོད་ཀྱང༌། མཆོད་རྟེན་ལ་བསྐོར་བ་བརྒྱབ་པ་ཙམ་གྱིས་ཁོང་གི་གཞན་དོན་གྱི་དགོངས་པ་ནམ་མཁའ་ལྟ་བུ་མུ་མཐའ་མེད་པ་དེ་འགྲུབ་ཐུབ་ཐབས་མེད། འོན་ཀྱང་ངས་འདི་བྱེད་དགོས་དོན་ནི་ཁོང་སྐུ་འཚོ་བཞུགས་སྐབས་ང་ལ་མཆོད་རྟེན་ལ་ཞབས་སྐོར་ཕུལ་དགོས་པའི་སྐུལ་མ་ཡང་ཡང་གནང་གི་ཡོད། ངས་མཆོད་རྟེན་བསྐོར་བ་བྱས་པ་དང༌། གོམ་འགྲུལ་གནས་སྐོར་ཕྱིན་པ། ལྷག་པར་དུ་འཕགས་ཤིང་མཆོད་རྟེན་ལ་ཞབས་སྐོར་ཕུལ་བའི་གནས་ཚུལ་སྙན་སེང་ཞུ་སྐབས་ཐུགས་ཤིནྟུ་དགྱེས་འཚོར་ཆེན་པོ་གནང་ཞིང༌། ང་དང་ངའི་བཙུན་མ་ཚོར་བསྔགས་བཇོད་གནང་གི་ཡོད། ཁོང་གིས། ང་ཚོས་མཆོད་རྟེན་འདི་ལ་བསྐོར་བ་གང་མང་བྱེད་དགོས། འདི་ནི་སྡིག་སྒྲིབ་དག་ཐབས་བཟང་ཤོས་དེ་ཡིན། བློ་ཕམ་པ་ཞིག་ལ་ང་ཚོ་མང་པོ་ཞིག་ནི་ལོ་རྒས་པ་དང༌། ལེ་ལོ་ཆེ་བ། བྲེལ་ཟིང་ཆེ་བ་བཅས་ཡིན་པས། མཆོད་རྟེན་བསྐོར་བར་འགྲོ་བསམ་དུས་ཕྱིས་ཚར་གྱི་རེད། ཅེས་གསུངས་ཀྱི་ཡོད། དེ་འདྲ་སོང་ཙང་ངས་དགོངས་རྫོགས་མཆོད་འབུལ་བདུན་ཕྲག་གཅིག་ལྷག་ཕུལ་རྗེས་བཙུན་མ་ཚོ་དང་མཉམ་དུ་དགོངས་རྫོགས་ཞེ་དགུ་བར་དུ་ཉིན་ལྟར་མཆོད་རྟེན་ལ་ཞབས་སྐོར་གསུམ་རེ་འབུལ་རྒྱུའི་ཐག་གཅོད་བྱས་པ་ཡིན། ནམ་རྒྱུན་ལྟར་ངའི་བཙུན་མ་ཚོས་ང་ལ་རྒྱབ་སྐོར་གྱིས་མཉམ་དུ་ཡོང་བར་ངས་སྙིང་ཐག་པ་ནས་དགའ་པོའི་ངང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོས་ཉིན་ལྟར་ཀི་ལོ་མི་ཊར་ ༡༣ རེ་གོམ་འགྲུལ་བྱེད་ཀྱི་ཡོད། ངས་གནས་ཚུལ་བཟང་པོ་འདི་ངའི་གནས་འཕྲིན་བལྟ་ཀློག་བྱེད་མཁན་ཚོར་ཤོད་འདོད་བྱུང༌།

ཨ་རི་དང༌། མེག་སི་ཀོ། ལྷོ་ཨ་མི་རི་ཀ་བཅས་ནས་ཡོང་བའི་ངའི་གྲོགས་པོ་དང་སློབ་མ་ཚོ་ཡང་ང་དང་ངའི་བཙུན་མ་ཚོ་དང་མཉམ་དུ་མཆོད་རྟེན་ལ་བསྐོར་བ་བཅུ་གསུམ་བརྒྱབ་རྒྱུར་ཨང་གསར་བྱེད་བཞིན་ཡོད་པས། ང་ཚོས་ཕན་ཚུན་སེམས་སྟོབས་སྤེལ་རོགས་བྱེད་ཀྱི་རེད། བླ་མ་དང་དཔའ་བོ། མཁའ་འགྲོ་རྣམས་དང་ངའི་ཞིང་གཤེགས་བླ་མ་དམ་པ་བཅས་ཐམས་ཅད་ང་ཚོའི་གཞན་ཕན་རྣམ་དཀར་གྱི་བྱ་བར་ཐུགས་མཉེས་འཚོར་ཆེན་པོ་ཡོང་རྒྱུ་ཡིན་པར་ངས་ཡིད་ཆེས་ཡོད། དགེ་སྒྲུབ་ཀྱི་ལས་མཆོད་རྟེན་བསྐོར་བ་དང༌། བྱམས་བརྩེའི་འཚོ་བ་སོགས་ལག་ལེན་དངོས་ཀྱི་སྒོ་ནས་བྱེད་དགོས་པ་རེད། ལྟ་བ་ལས་ལག་ལེན་གལ་ཆེ་ཞིང༌། ལག་ལེན་གྱི་རྒྱབ་སྐྱོར་མེད་པར་ལྟ་བས་ཕན་ཐོག་གི་མ་རེད། དེས་ན་དགེ་བའི་ལས་ཀྱིས་སེམས་ཅན་ཀུན་ལ་དངོས་སུ་ཕན་ཐོག་དགོས་པ་རེད། ཁ་འདོན་དགེ་སྦྱོར་དང༌། མཚམས་བསྙེན་སྒྲུབ་སོགས་བྱེད་པ་དང་མཉམ་དུ་ཕྱིར་ཕྱིན་ནས་བྱ་བ་དངོས་སྒྲུབ་དགོས།

ཡང་ངས་གོ་སྐབས་འདི་ཟིན་ཏེ་འབྲུག་རྒྱལ་མངའ་བདག་ཆེན་པོས་བཙུན་མོ་ཁབ་ཏུ་བཞེས་པར་བཀྲིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན། ང་ཚོ་ཚང་མ་ལས་བྲེལ་ཆེན་པོའི་ངང་ཡོད་རུང༌། ང་དང༌། ངའི་ཡབ་ཡུམ་དང༌། གྲྭ་བཙུན་རྣམས་འབྲུག་རྒྱལ་མངའ་བདག་ཆེན་པོའི་ཁྲུང་སའི་རྟེན་འབྲེལ་མཛད་སྒོ་གཟུགས་མཐོང་རླུང་འཕྲིན་རྒྱུད་ཐད་ཀར་རྒྱངས་བསྲིངས་བྱེད་པ་བལྟ་རྒྱུའི་མཐུན་རྐྱེན་སྦྱར་ཡོད་ཅིང༌། ཁོང་རྣམ་གཉིས་ཆོས་དང་འཇིག་རྟེན་གཉིས་ཀར་ལམ་ལྷོང་ཡོང་བ་དང༌། བདེ་སྐྱིད་ཀྱི་དཔལ་ལ་རོལ་བའི་གསོལ་བ་སྨོན་ལམ་འདེབས་བཞིན་ཡོད། ང་ཚོའི་རིན་པོ་ཆེ་རྣམས་ནས་ཁྲུང་སའི་རྟེན་འབྲེལ་མཛད་སྒོར་ང་ཚོའི་སྐུ་ཚབ་ཀྱི་སྣེ་འཁྲིད་དེ་ཕེབས་ཐུབ་པར་དགའ་སྤྲོ་ཆེ། ནང་པའི་རྒྱལ་ཁབ་འབྲུག་གི་མངའ་བདག་ཆེན་པོ་ནི་ཆོས་ཀྱི་རིག་གཞུང་བཟང་པོ་དང་དེང་དུས་ཅན་གཉིས་ཟུང་དུ་སྦྲེལ་ནུས་པའི་མིག་དཔེ་བཟང་པོ་ཞིག་ཡིན། ཆོས་ཀྱི་རིག་གཞུང་དང་དེང་དུས་ཀྱི་ཤེས་ཡོན་དོ་སྙོམ་སྒོ་ནས་འཛིན་སྐྱོང་བྱེད་རྒྱུའི་ཐུགས་འགན་ནི་མངའ་བདག་རྒྱལ་པོ་ཆེན་པོར་ཡོད་པས་ཁོང་མཛད་འཁྲིན་རྒྱས་རྒྱུར་ངའི་གསོལ་བ་སྨོན་ལམ་ཡོད། སང་ཉིན་ང་ཚོས་གཟུགས་མཐོང་རླུང་འཕྲིན་ཐོག་མཛད་སྒོ་བལྟ་བཞིན་རྒྱང་རིང་ནས་འཚམས་འདྲིའི་སྨོན་འདུན་ཞུ་རྒྱུ་རེད།

You are here: མདུན་ངོས། གསར་གནས། ༢༠༡༡ གསར་མཛོད། ཉམས་ལེན་ནི་ལག་ལེན་དངོས་སུ་བསྟར་དགོས།