༢༠༡༡ གསར་མཛོད།

ངའི་རྩ་བའི་བླ་མ་དྲན་པ།

༄༅། །ངའི་རྩ་བའི་བླ་མ་དགོངས་པ་ཆོས་དབྱིངས་སུ་གཤེགས་ཤིང༌། ང་ཚོས་ཞག་ ༤༩ དགོངས་རྫོགས་ཀྱི་ཚོགས་མཆོད་ཕུལ་བསྒྲུབས་པ་རེད། ཁོང་ད་ལྟ་སྐུ་འཚོ་བཞུགས་ཡོད་ན་ཅི་འདྲ་ཞིག་ཡོང་ངམ་བསམ་གྱིས། སྐུ་པར་འདི་ཆེ་བལྟ་བྱས་ན་འདི་ནང་༧སྐྱབས་རྗེ་ཁམས་སྤྲུལ་རིན་པོ་ཆེ་བཤད་སྒྲུབ་ཉི་མ་མཆོག་མཇལ་གྱི་རེད། སྐུ་པར་འདི་མཇལ་དུས་ང་ལ་དགའ་སྐྱོ་ཟུང་འབྲེལ་གྱི་འཚོར་བ་ཞིག་བྱུང༌། འདི་ན་ངའི་རྩ་བའི་བླ་མ་མཇལ་ཞིང་ཁོང་ད་ཆ་འཚོ་བཞུགས་མེད་པས་ཡིད་སྐྱོ་སྣང་དང༌། ཡང་བླ་སྤྲུལ་མང་པོའི་ཁྲོད་དུ་༧སྐྱབས་རྗེ་ཁམས་སྤྲུལ་རིན་པོ་ཆེ་མཇལ་ནས་དགའ་སྣང་བྱུང༌། འཁྲུལ་ཞིག་རྡོ་རྗེ་འཆང་གི་སྐུ་མདུན་ནས་ཁོང་ལ་བཀའ་ཆོས་དབང་ཟབ་མོ་ཐོབ་ཡོད་ཤག་ལགས་ན། ད་ཆ་ངེད་གཉིས་བླ་མ་རྡོ་རྗེ་འཆང་གཅིག་གི་སློབ་རྒྱུད་དུ་གྱུར་བ་ཡིན།

ལེགས་པར་བལྟས་ན་སྐུ་པར་འདི་ཁོང་ནས་དམངས་ཁྲོད་སྒྲོན་པའི་སྐུ་པར་མཐའ་མ་དེ་ཡིན་ཚོད་འདུག་ཅིང༌། བླ་མ་རིན་པོ་ཆེ་དམིགས་བསལ་གྱིས་ཡིད་ལ་དྲན་པ་ཞིག་བྱུང༌། ང་ཚོས་ཁོང་གི་དགོངས་བཞེད་མཐའ་དག་འགྲུབ་ནས་སེམས་ཅན་ཀུན་ལ་ཕན་པ་དང་ཀུན་གྱི་འདོད་དོན་འགྲུབ་པའི་གསོལ་སྨོན་གདབ་དགོས། མི་རྣམས་ནས་ཁོང་གི་ཡང་སྲིད་མྱུར་དུ་བྱོན་པའི་སྐོར་གླེང་བཞིན་པ་དང༌། དེ་ལྟར་ཡོང་བའི་སྨོན་ལམ་ཡང་གདབ་དགོས། སློབ་མ་ཞིག་གི་ཆ་ནས་ང་ཚོས་ཁོང་གི་དགོངས་པ་འགྲུབ་ཕྱིར་འབད་པ་ལྷུར་ལེན་བྱེད། གླིང་འདིར་ཕེབས་དང་གླིང་གཞན་དུ་ཕེབས་ནི་ཁོང་གི་མཛད་པ་ཡིན་པས་ང་ཚོས་ལུང་བསྟན་བྱེད་མི་ཐུབ། ང་ཚོ་རང་ངོས་ནས་ཁོང་གི་ཐུགས་བཞེད་འགྲུབ་ཐབས་བྱེད་དགོས། ཁོང་གི་ཐུགས་བཞེད་ཇི་ཡིན་མ་རྟོགས་ན་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱེད་དགོས།

བླ་མ་བཞུགས་དུས་བརྩི་མཐོང་མི་བྱེད་པ་ནི་ང་ཚོའི་ཁྱད་ཆོས་རེད། མི་ཚོས་སྐབས་རེ་བླ་མའི་དམིགས་དོན་དང་གློ་བུར་དགོངས་པ་འགྱུར་བ་དེ་ཚོར་ཡང་དྭོགས་པ་བྱེད་ཅིང༌། བླ་མ་དེ་མི་གཞན་གཅིག་གམ་ཚོ་གཅིག་གི་དབང་བསྒྱུར་འོག་ཡོད་པར་སེམས་ཀྱི་ཡོད། ངའི་བསམ་པར་བླ་མ་ཞིག་གིས་རང་གི་སློབ་མའམ་གྲོགས་པོའི་བསམ་འཆར་ལ་ལོང་བ་ལྟར་ཉན་གྱི་མ་རེད་ལ། ཁོང་ཚོའི་དབང་འོག་འགྲོ་གི་མ་རེད་བསམ་གྱི་འདུག ང་ཚོ་ལྟ་བུའི་བླ་མར་དེང་དུས་ཀྱི་འཕྲུལ་རྩལ་འདྲ་མིན་ལ་རྒྱུས་མངའ་ཡོད་པས། ཤེས་བྱེད་ཀྱི་ཐབས་དང་བལྟ་བྱེད་ཀྱི་མིག་མང་པོ་ཡོད་པ་ཡིན། སྐབས་རེ་བླ་མས་བཀའ་ཐད་ཀར་མ་གནང་བར་གཞན་ཞིག་བརྒྱུད་ནས་གནང་བར་ཡང་ལབ་གླེང་མང་པོ་བྱེད་ཀྱི་ཡོད། ཡིད་མ་ཆེས་པ་མིན་ཀྱང༌། གོ་བ་ལོག་པ་དང་དད་པ་དམན་པའི་རྐྱེན་གྱིས་བླ་མའི་བཀའ་ལ་དྭོགས་པ་བྱེད་ཀྱི་ཡོད་ཅིང༌། ཕྲག་དོག་དང་རློམ་སེམས་ཀྱིས་ཀྱང་དེའི་རྐྱེན་བྱེད་ཀྱི་ཡོད།

གནས་ཚུལ་འདི་རིགས་རྟོགས་རྒྱུར་ང་ལ་རྩལ་ལག་ཡོད། གང་ཡིན་ཟེར་ན། ཁོང་ཚོས་གང་བཤད་དང་བྱེད་ཀྱི་རྐྱེན་བརྒྱ་ཆ་ ༤༥ ཕྲག་དོག་དང་རློམ་སེམས་རེད། རྒྱུ་མཚན་འདི་ལ་བརྟེན་ནས་ང་ཚོའི་བླ་མ་མང་པོ་དུས་ཚོད་མ་རན་གོང་ནས་གཤེགས་ཀྱི་ཡོད། འཆམ་མཐུན་ནི་ཕན་ཚུན་གོ་རྟོགས་དང་འབྲེལ་ལམ་ལ་བརྟེན་ནས་འབྱུང་བ་ལས། སམེས་ནང་གཞན་སྐྱོན་མཐོང་སྣང་གི་བློ་མི་རུང་བ་ཡོད་བཞིན་དུ་འཆམ་པོ་ཡོད་མདོག་བྱས་པས་འཆམ་མཐུན་ཡོང་ཐབས་མེད། མ་རུང་བའི་བློ་ཡོད་ན་ཚང་མ་མ་རུང་བར་འགྱུར་བ་ཡིན་ཅིང༌། བསམ་པ་རྣམ་དག་ཡོད་ན་ཀུན་ཀྱང་དགེ་མཚན་ཅན་དུ་འགྱུར་བ་ཡིན། གཏན་དུ་སྦས་ནས་སྡོད་ཐུབ་ཐབས་མེད། རང་གིས་རང་ལ་དྲང་པོ་བྱེད་དགོས། ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་ཉིད་ཡིན་པ་ཤེས་ནས་སེམས་པ་རྣམ་དག་འབྱོང་དགོས། གྲོགས་པོའང་སྟོང་པ་ཡིན་ལ་དགྲ་ཡང་སྟོང་པ་ཡིན། སྟོང་གཏམ་མ་ཤོད། ཟེར་ཚད་མ་ཉན། གོ་བ་ལོག་སྒྲུབ་མ་བྱེད། ང་ཚོའི་སྡུག་བསྔལ་གྱི་རྒྱུ་ནི་གོ་བ་ལོག་སྒྲུབ་དེ་ཡིན། གཞན་གྱིས་སྐད་ཆ་ངན་པ་ཤོད་ཀྱི་འདུག་ན་དེར་རྒྱབ་སྐྱོར་མ་བྱེད། བཤོལ་འདེབས་ཐུབ་ན་བཤོལ་འདེབས་བྱེད། དེ་མིན་སྐད་ཆ་མ་ཉོན། ཐབས་མེད་ན་མི་དེ་རིགས་གཡོལ་ཐབས་བྱེད།

ཁྱད་མཚར་ཞིག་ལ་ཤེས་འདོད་མེད་བཞིན་དུ་ངས་གང་དུ་ག་རེ་བྱེད་ཀྱི་ཡོད་ཚང་མ་ཤེས་ཀྱི་འདུག ངས་གཞན་གྱི་གསང་རྒྱར་བརྩི་བཀུར་བྱེད་ཀྱི་ཡོད།

ང་རྒྱལ་དང་ཕྲག་དོག་གང་སར་ཁྱབ་བཞིན་དམ་ཚིག་སྲུང་རྒྱུ་ཤིན་ཏུ་ནས་ཁག་པོ་རེད། བྱིན་རླབས་ཀྱི་ཆར་ཆེན་གྱི་ཚབ་ཏུ་ང་ཚོར་ཉིན་ལྟར་སྐད་ཅིག་སྐད་ཅིག་ཏུ་སེམས་འཚོར་དྲག་པོའི་ཆར་པ་བབས་བཞིན་ཡོད། ང་ཚོས་རང་སེམས་དབང་དུ་བསྡུ་ཐུབ་མེད་སྟབས་ལུས་དང་ངག་གིས་འདྲ་མིན་བྱེད་ཀྱི་ཡོད། ང་ཚོས་རང་གི་བླ་མ་དང་ཆོས་བརྒྱུད་ཀྱི་ཆེད་བྱ་བ་བྱེད་སྐབས་སྒེར་དོན་དེ་ཟུར་དུ་འཇོག་དགོས། རང་གི་བླ་མ་དང་ཆོས་བརྒྱུད་ཀྱི་ཆེད་དུ་གང་ཞིག་བྱེད་དགོས་ནའང་བྱེད་དགོས། མི་འགའ་ཞིག་གིས། ཁོ་བླ་མ་ཞིག་རེད། ཁོས་འདི་བྱེད་ཐུབ་ཀྱི་མ་རེད། དེ་བྱེད་ཐུབ་ཀྱི་མ་རེད། འཆར་གཞི་གླིང་ཐུབ་ཀྱི་མ་རེད། ག་རེ་བྱེད་དགོས་ཤེས་ཀྱི་མ་རེད། ང་ཚོས་ཚང་མ་ཤེས་ཀྱི་རེད། ང་ཚོའི་ཁ་ལ་ཉན་དགོས་རེད་སོགས་བསམ་གྱི་ཡོད་རེད། བླ་མ་འཇིག་རྟེན་གྱི་འགྲོ་ལུགས་མི་ཤེས་པའི་ལྐུག་པ་རེད་བསམ་མཁན་ཚོས་བླ་མ་དེའི་སྐུ་མདུན་ནས་སྐྱབས་སྡོམ་མ་ཞུས་ན་དྲག་གི་རེད། བླ་མ་དེར་སེམས་འཁྲལ་ཉུང་བ་དང་འཁུར་པོ་ཡང་བ་ཡོང་གི་རེད་ན་བླ་མ་ཚོར་གནས་ཚུལ་བཟང་པོ་རེད། ཐམས་ཅད་མཁྱེན་པ་ཞེས་པ་དེ་ནི་ཤེས་བྱའི་སྒྲིབ་པ་མཐའ་དག་སྤངས་ཤིང་ཇི་ལྟ་ཇི་སྙེད་ཀྱི་ཆོས་ཐམས་ཅད་རྟོགས་པའི་སེམས་ཀྱི་གནས་ལུགས་ཤིག་ཡིན་ཅིང༌། ང་རྒྱལ་དང་ཕྲག་དོག་གི་སྒྲིབ་པར་བརྟེན་ང་ཚོས་ཚེ་རབས་ཀུན་ཏུ་དེ་རྟོགས་པའི་གོ་སྐབས་ཤོར་གྱི་ཡོད།

You are here: མདུན་ངོས། གསར་གནས། ༢༠༡༡ གསར་མཛོད། ངའི་རྩ་བའི་བླ་མ་དྲན་པ།