༢༠༡༡ གསར་མཛོད།

འཆམ་མཐུན་དང་གོ་རྟོགས་ལས་བདེ་སྐྱིད་འབྱུང་བ།

༄༅། །ང་བིཏིནམ་དུ་འབྱོར་ནས་བདུན་ཕྲག་གཅིག་སོང༌། ཡུལ་གྲུ་གཞན་ནང་དཀའ་ངལ་ཆེ་ཕྲ་འདྲ་མིན་འཕྲད་ཀྱི་ཡོད་ནའང༌། རྣམ་ཀུན་ནས་འབྲུག་པ་བིཏིནམ་གྱིས་དུས་ཚོད་ཐུང་ཐུང་ཞིག་གི་ནང་དུ་ཆོས་བརྒྱུད་དང་འབྲེལ་བའི་མཛད་རིམ་རྒྱ་ཆེན་པོ་འདི་འདྲ་གྲ་སྒྲིག་གང་འདྲ་ཟེར་བྱེད་ཀྱི་ཡོད་དམ་སྙམ་སྟེ་ངས་བིཏིནམ་ཆོས་ཚོགས་ཀྱི་ལས་སྣེ་གཙོ་བོ་ཁ་ཅིག་ལ་དྲིས་པའི་ལན་དུ་ཁོང་ཚོས་ཕྱི་ཟླ་གསུམ་པ་ནས་གྲ་སྒྲིག་བྱེད་འགོ་བཙུགས་པ་དང༌། ནང་ཁུལ་འཆམ་མཐུན་དང་གོ་རྟོགས་ཀྱི་འབྲས་བུ་ཡིན་ཅེས་བརྗོད་བྱུང༌། འདི་ནི་ངས་ཡུན་རིང་པོ་ཞིག་ལ་མ་གོ་བའི་གཏམ་བཟང་ཞིག་རེད། ངས་མཐུན་བསྒྲིལ་གཙོ་བོ་རེད། ཕན་ཚུན་གོ་རྟོགས་གཙོ་བོ་རེད་ཅེས་ཡང་ནས་ཡང་དུ་བཤད་ཀྱང་མི་ཚོས་དེའི་དོན་གོ་གི་མི་འདུག མི་མང་པོ་ཞིག་གིས་མཐུན་བསྒྲིལ་ཟེར་དུས། ང་ཚོས་ལབ་ཚད་ཚང་མ་ཉན་དགོས། ང་ཚོས་སྟོན་པའི་ཆ་རྐྱེན་བསྒྲུབ་དགོས། ང་ཚོས་བཤད་པ་བརྒྱ་ཆ་བརྒྱ་ཉན་ན་ང་ཚོ་འཆམ་མཐུན་དང་ཞི་བདེ་ཡོང་གི་རེད་ཟེར་བ་ཞིག་ལ་གོ་གི་ཡོད་ཚོད་འདུག གནས་ཚུལ་འདི་རིགས་ངས་འཚོར་གྱི་ཡོད་པ་མི་དེ་ཚོས་ཧ་མ་གོ་བ་ཡ་མཚན་རེད།

འབྲུག་པ་བིཏིནམ་གྱི་ཁོངས་མི་མགོ་མཇུག་ཚང་མས་བློ་རྩེ་གཅིག་གིས་དཔལ་ལྡན་འབྲུག་པའི་ཆོས་བརྒྱུད་འདི་བརྒྱུད་ནས་བྱམས་པ་དང༌། སྙིང་རྗེ། ཤེས་རབ་བཅས་སྤེལ་ཏེ་སེམས་ཅན་མང་པོར་ཕན་ཐབས་བྱེད་ཀྱི་ཡོད་པ་ལ་བརྟེན་ནས་ལམ་ལྷོང་ཡོང་གི་ཡོད་རེད། ཁོང་ཚོ་སུ་གཅིག་ལ་རང་དོན་གྱི་དམིགས་ཡུལ་མེད་ཟེར་ནའང་ཆོག་པ་ཞིག་རེད། བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་ཆེན་པོ་ཞིག་ལ་འཇུག་སྐབས་རང་དོན་གྱི་བློ་ཏིལ་འབྲུ་ཙམ་ཞིག་ཡོད་ནའང་དེ་བར་་ཆད་དང་གནོད་པའི་རྒྱུ་རུ་འགྱུར་ཏེ་མཐར་ཐུག་སྡུག་བསྔལ་བ་དང་དོན་མི་འགྲུབ་པ་ཡོང་གི་རེད་ཅེས་ངས་རྒྱུན་དུ་བརྗོད་ཀྱི་ཡོད། དེས་ན་ང་ཚོ་ཚང་མས་རང་གི་ཀུན་སློང་ལ་བརྟགས་དགོས་པ་དེ་གལ་ཆེན་པོ་རེད།

དེ་ནས་དྭང་བླང་བ་ལས་བསྒོས་བྱེད་པའམ། ཁྱད་ལས་པའི་རོགས་སྐྱོར་འཚོལ་བ་སོགས་གང་བྱས་ནའང་འབྲེལ་ལམ་སངས་པོ་དགོས་པ་དེ་གལ་ཆེན་པོ་རེད། འབྲེལ་ལམ་སངས་པོ་མེད་ན་ཐུན་མོང་གི་གོ་རྟོགས་དང་དམིགས་ཡུལ་ཡོང་ཐབས་མེད། འདི་ལ་བརྟེན་ནས་ང་ཚོ་འཇིག་རྟེན་གྱི་ལས་ཀའི་ནང་ཐེ་གཏོགས་བྱེད་མི་དགོས་བཞིན་དུ་ཐེ་བྱུས་བྱས་ཏེ་གནད་དོན་ཡོ་བསྲང་བྱེད་དགོས་ཐུག་གི་ཡོད། བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་སྐབས་རང་གི་འཇིག་རྟེན་པའི་ཀུན་སློང་དང་སེམས་འཚོར་རྣམས་ཟུར་དུ་འཇོག་དགོས་པ་གལ་ཆེན་པོ་རེད། གང་ཡིན་ཟེར་ན་གཞན་ཕན་གྱི་བྱ་བར་གནོད་འཚེ་བཏང་ན་ལས་ངན་པ་གསོག་གི་རེད། དེས་ན་ཚང་མས་གང་བྱེད་པ་དང་ཤོད་པ་དེ་རང་གི་སེམས་འཚོར་དབང་གིས་བྱེད་ཀྱི་ཡོད་དམ་སྙིང་རྗེ་དང་ཤེས་རབ་དབང་གིས་བྱེད་ཀྱི་ཡོད་བརྟགས་དཔྱད་ངེས་པར་བྱེད་དགོས། ངས་རྒྱུན་དུ་ཤོད་པ་བཞིན། རང་ཉིད་སྟོབས་ལྡན་ཞིག་མིན་ན་སེམས་དགེ་བའི་མི་དང་འགྲོག་དགོས། ཆོས་ཕྱོགས་ནས་གྲོགས་པོ་ཟེར་དུས་རང་རྒྱུད་ཀྱི་དགེ་བའི་བློ་དང་སྤྱོད་ལམ་འཕེལ་ཐབས་ལ་རོགས་བྱེད་མཁན་ཞིག་ལ་ཟེར་བ་ཡིན། གལ་ཏེ་མི་ཁ་ཅིག་དང་བསྟུན་ཐུབ་ཀྱི་མི་འདུག་ན་དེ་དག་ལས་གཟུར་དགོས། དེ་དང་ཆབ་ཅིག་ཏུ་རང་ཉིད་གཞན་གྱི་གྲོགས་པོ་བཟང་པོ་ཞིག་ཡིན་དང་ངན་པ་ཞིག་ཡིན་ཡང་བརྟགས་དགོས།

གྲོགས་པོ་བཟང་པོ་ཟེར་དུས་དངོས་ཤུགས་རྒྱུད་གསུམ་ནས་གཞན་ལ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་མི་དགེ་བའི་ལས་བྱེད་པར་སེམས་སྐུལ་མི་བྱེད་པ་དང༌། བྱང་ཆུབ་སེམས་ཀྱི་ཀུན་སློང་དང་སྤྱོད་པར་འཇུག་པའི་སྐུལ་མ་བྱེད་མཁན་ལ་ཟེར། མི་སྤྱང་པོ་འགའ་ཤས་ཀྱིས་ལས་མི་རུང་བ་རང་གིས་དངོས་སུ་མ་བྱས་པར་གཞན་ལ་བསྐུལ་བ་དང༌། ལས་ཀ་ངན་པ་བྱེད་མཁན་དེས་དེ་ཤེས་ཀྱི་མེད། ཁྱེད་རང་མི་འདི་འདྲ་ཞིག་མིན་ནམ། ཆོས་བྱེད་པ་ཞིག་ཡིན་པའི་ཆ་ནས་འདི་འདྲ་མིན་པའི་རེ་བ་ཡོད། གང་ཡིན་ཟེར་ན་དེ་ནི་སྡིག་ཚབས་ཆེན་པོ་རེད། དེས་ན་རང་ཉིད་ཆོས་གྲོགས་ཡིན་དང་སྡིག་གྲོགས་ཡིན་ཡང་ཡང་བརྟགས་དགོས། ངས་ཡང་ཡང་བརྗོད་པ་བཞིན་གཞན་ལ་ཚོད་དཔག་བྱེད་པའི་གཏམ་མ་སྨྲ། བཀླག་པ་པོ་མང་པོས་དེ་ལྟར་བྱེད་ཀྱི་ཡོད་པ་ངས་ཤེས། རང་རྒྱུད་ལ་ལྟོས། རང་གི་སེམས་ལ་ལྟོས། ཆོས་ཉམས་ལེན་ནི་རང་རྒྱུད་ལེགས་བཅོས་བྱེད་པར་དམིགས་པ་ཞིག་ཡིན།

བིཏིནམ་གྱི་མཛད་རིམ་འགོ་ཚུགས་ནས་བདུན་ཕྲག་གཅིག་ཕྱིན་རུང་དེའི་རིང་མི་དགེ་བའི་གཏམ་གླེང་བྱེད་མཁན་གཅིག་ཀྱང་བྱུང་མ་སོང༌། དེའི་རྒྱུ་མཚན་ནི་ཚང་མ་སེམས་ཅན་གྱི་དོན་དུ་མཛད་རིམ་གོ་སྒྲིག་བྱེད་རྒྱུར་རིག་པ་བསྒྲིམས་ཡོད་པ་དེ་ཡིན། མཐའ་ན་འབུ་སྲིན་ཙམ་གྱིས་ཀྱང་གནོད་པ་མེད་པར་འཁོར་ཡུག་བཟང་བས་མི་དགེ་བའི་སེམས་དགེ་བར་གྱུར་འདུག དེས་ན་ད་བར་མཛད་རིམ་ལམ་ལྷོང་ལྡན་པ་བྱུང་སོང༌། ངས་རྒྱུན་དུ་བརྗོད་པ་བཞིན་ང་ལ་སྤུས་ཚད་དགོས་པ་ལས་གྲངས་འབོར་གྱི་དགོས་པ་མེད་ཀྱང༌། སྐབས་རེ་སྤུས་ཚད་ལོན་པར་གྲངས་འབོར་ཡང་དགོས་ངེས་ཤིག་འདུག

གཅིག་འགྱུར་ཡང་དག་དང་གོ་རྟོགས་གསལ་པོ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལམ་ལྷོང་ཡོང་བའི་རྨང་གཞི་བརྟན་པོ་ཞིག་ཡིན་ཅིང༌། འདིས་མི་མང་པོ་ཞིག་ལ་གོ་སྐབས་བྱིན་བརླབ་ཅན་དེའི་ཆ་ཤས་བྱེད་རྒྱུར་ཡིད་འགུག་པ་ཡིན། ནམ་ཞག་རྒྱུན་དུ་མི་ཚོགས་ ༡༥༠༠༠ ནས་ ༢༠༠༠༠ བར་སྨོན་ལམ་གསུང་ཆོས་ཆེད་འདུ་འཛོམས་བྱུང་བ་དང་ཀུན་ཀྱང་དགའ་སྤྲོ་དང་བློ་ཡིད་འཚིམས་པའི་རྣམ་འགྱུར་གསལ་པོ་འདུག མཛད་རིམ་ཐམས་ཅད་སྒྲིག་འཛུགས་ལྡན་པ་དང་བརྡ་སྤྲོད་གསལ་བ། ལས་མི་ཀུན་ཀྱང་ཕན་ཚུན་གུས་བཀུར་ལྡན་པ་བཅས་འདུག་ན། དེ་ནི་ཡ་རབ་སྤྱོད་བཟང་རེད་ཅེས་བརྗོད་ཆོག འབྲུག་པ་བིཏིནམ་གྱི་ལམ་སྟོན་འོག་མི་ཀུན་ལམ་ཕྱོགས་གཅིག་ཐོག་བསྐྱོད་པ་དང༌། སྲུང་མདུད་དང༌། ཇ། བཞེས་ཏོག་སོགས་བགོས་འགྲེམས་སྒྲིག་འཛུགས་ལྡན་པའི་ངང་བྱེད་ཀྱི་འདུག མི་ཀུན་ནས་བཙུན་མ་རྣམས་ཀྱི་འཆམ་འཆམས་དུས་རང་ཉིད་ཀྱི་ཆོས་འཇིག་གཉིས་ཀའི་བར་ཆད་བསལ་བའི་ཡིད་ཆེས་དང་བཅས་མཇལ་ཞིང༌། ཀུན་ཀྱང་དགའ་བ་དང་སྤྲོ་བ། སྐྱིད་སྣང་བཅས་ཀྱིས་དུས་འདའ་བཞིན་འདུག

ངས་དྲན་པར་ཉིན་གཅིག་ང་གཟུགས་མཐོང་རླུང་འཕྲིན་གྱི་མཛད་འཆར་ཞིག་ལ་འགྲོ་དགོས་བྱུང་ཞིང༌། དེར་ཆུ་ཚོད་ཉིན་རྒྱབ་དང་པོ་ཙམ་བར་འགོར་སོང་བ་དང༌། སྔ་དྲོ་ཆུ་ཚོད་ ༤ ཙམ་ནས་ཆོས་ཚོགས་ཀྱི་མཛད་རིམ་ཚོགས་ཡུལ་ཚོགས་ཁང་དེའི་ནང་མི་མང་ ༡༥༠༠༠ ལྷག་ཞིག་ང་བསྒུགས་དགོས་བྱུང་ཞིང༌། ཚོགས་ཁང་ཕྱི་ལོག་ལ་མི་ག་ཚོད་ཡོད་མ་ཤེས། བདེ་འཇགས་དང་འབྲེལ་བས་ཚོགས་ཁང་སྒོ་བརྒྱབ་དགོས་བྱུང་ཡང་མཛད་རིམ་གོ་སྒྲིག་པ་འབྲུག་པ་བིཏིནམ་ལ་རྣམ་འགྱུར་ངན་པ་ཙམ་ཡང་བསྟན་མི་འདུག དངོས་གནས་ཧ་ལས་པ་ཞིག་རེད། མིའི་གྲངས་འབོར་ཙམ་མིན་པར་དེར་འདུས་མི་མང་བརྒྱ་ཆ་ ༩༨ ནི་ཆོས་དང་ཆོས་བརྒྱུད་ལ་དད་འདུན་དྲག་པོ་ཡོད་པ་ཤ་སྟག་ཡིན་པ་དང༌། དད་འདུན་དེ་ལ་བརྟེན་ནས་ཆུ་ཚོད་མང་པོ་བསྒུགས་དགོས་བྱུང་ཡང་རྙོག་ཁྲ་མ་བཤད་པར་བསྡད་པ་རེད། རྗེས་སུ་ཚང་མ་རང་ཤུགས་ཀྱིས་གླུ་གཏོང་བ་དང་གར་འཁྲབ་པ་སོགས་བྱེད་ཀྱིན་འདུག མཛད་རིམ་གྲོལ་ནས་ང་ཚོ་ཀི་ལོ་མི་ཌར་ ༢༥ ཙམ་གྱི་སར་ཡོད་པའི་སྡོད་གནས་མགྲོན་ཁང་དུ་ལོག་ལམ་དུ་མི་རྣམས་འཛུམ་བག་དང་བཅས་ང་ཚོར་ལག་པ་དབྱུག་བཞིན་དགའ་སྤྲོའི་རྣམ་འགྱུར་སྟོན་པ་འདི་འདྲ་མཐོང་དུས་ང་ཙམ་མིན་པར་ངའི་བཙུན་མ་རྣམས་ཀྱང་ཧ་ཅང་སེམས་འགུལ་འཐེབ་པ་བྱུང༌། ད་ལྟ་མི་རྣམ་སྐྱིད་པོ་ཡོད་པ་དེ་གནས་སྐབས་ཀྱི་བདེ་སྐྱིད་ཡིན་རུང༌། དེས་འཆམ་མཐུན་ངང་ལས་ཀ་བྱེད་པའི་ནུས་པ་ཡོད་པ་མངོན་པ་ཡིན།

ད་ལྟ་ང་འཛུམ་དམུལ་བཞིན་དེ་སྔ་ཨ་རིའི་སྲིད་ཟུར་ཇོར་ཇེ་བུཤུ་དང་ཕྱི་སྲིད་དྲུང་ཆེ་ཧི་ལེ་རི་ཀིལིན་ཊོན་སྡོད་སའི་ཁང་མིག་དེ་ནང་སྡོད་བཞིན་ཡོད། ང་ནི་མི་གནད་ཆེན་གང་ཡང་མིན་རུང༌། ངའི་བིཏིནམ་སློབ་མ་དང་གྲོགས་པོ་ཚོས་ང་ལ་དེ་ལྟའི་ཆེ་མཐོང་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འབྲུག་པ་བིཏིནམ་གྱི་དྭང་བླང་བ་དང་ཁྱད་ལས་པ་ཐུན་མོང་གི་འབད་བརྩོན་ལ་རྗེ་སུ་ཡི་རངས་ཡོད། གྲ་སྒྲིག་འདི་འདྲ་བྱེད་རྒྱུར་དཀའ་ངལ་ག་ཚོད་ཡོད་ངས་ཤེས་ཀྱི་ཡོད། ང་ཨ་རིའི་སྲིད་འཛིན་ནམ། ཕྱི་སྲིད་དྲུང་ཆེ་མིན་རུང༌། ངས་བིཏིནམ་གྱི་མི་མང་རྣམས་ལ་ཆོས་དང་མཐུན་པའི་སྒོ་ནས་མི་ཚེ་སྐྱིད་པོ་ཞིག་བསྐྱེལ་ཐབས་རོགས་ཕན་ཕྲན་བུ་བྱེད་ཐུབ་པར་དགའ་པོ་བྱུང༌། གང་ཡིན་ཟེར་ན། ཆོས་མེད་ན་འཛམ་གླིང་འདི་ནང་མཐར་ཐུག་གི་རེ་བ་གང་ཡང་ཡོད་མ་རེད།

You are here: མདུན་ངོས། གསར་གནས། ༢༠༡༡ གསར་མཛོད། འཆམ་མཐུན་དང་གོ་རྟོགས་ལས་བདེ་སྐྱིད་འབྱུང་བ།