༢༠༡༡ གསར་མཛོད།

འབྲུག་བརྒྱུད་ཀྱི་འབྲེལ་བ།

༄༅། །ང་འགྲོ་ཡུལ་གཞན་དུ་བསྐྱོད་གྲ་སྒྲིག་བྱེད་བཞིན་དུ་ངས་བིཏིནམ་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འདས་པའི་བདུན་ཕྲག་ཁ་ཤས་རིང་ང་ཚོ་བིཏིནམ་བྱང་ནས་ལྷོ་ལ་ས་གནས་གང་དུ་བསྐྱོད་ཀྱང་མི་མང་ཀུན་ནས་ང་ཚོར་བརྩེ་སེམས་ཆེན་པོ་ངོམས་ཤིང་དྲོ་སྐྱིད་ཀྱི་འཁོར་ཡུག་ཞིག་བསྐྲུན་པ་དང༌། ཐུན་མོང་གི་ནུས་སྟོབས་དེ་དགེ་མཚན་ལྡན་པ་བྱུང་བས། རྟགས་མཚན་བཟང་པོ་དུ་མ་མཐོང༌།

རྣམ་ཀུན་ང་རྟགས་མཚན་དང་རྫུ་འཕྲུལ་སོགས་སྐོར་གླེང་མོལ་རྒྱུར་དགའ་པོ་མེད། འོན་ཀྱང་ཉེ་ཆར་ཉིན་ཤས་རིང་འཇའ་ཉིས་བརྩེགས་ཟུག་པ་དང༌། སྤྲིན་པ་འབྲུག་དབྱིབ་ཏུ་ཤར་བ། གར་འཁྲབ་ཀྱི་རྣམ་པ་དང་འཛུམ་མདངས་ཀྱི་རྣམ་པ་སོགས་འདྲ་མིན་ཤར་བ་དང༌། ཉིན་གཉིས་གོང་ཉི་མ་སྤྱན་རས་གཟིགས་ཀྱི་རྣམ་པར་མཇལ་བ་སོགས་བྱུང་བས་ང་རང་ཡང་ཡ་མཚན་སྐྱེས་བྱུང༌། འདིས་བིཏིནམ་གྱི་མི་མང་ལ་དད་པ་དང་ཀུན་སློང་ཡང་དག་ཡོད་པར་བརྟེན་ཁོང་རྣམས་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱིན་བརླབ་དངོས་འཇུག་པའི་རྟགས་མཚན་ཞིག་ཡིན།

བིཏིནམ་དང་ང་ཚོའི་དབར་ལས་འབྲེལ་ཡོད་ཅིང༌། འབྲུག་གི་གཏམ་རྒྱུས་ཀྱིས་ང་ཚོ་ཉེ་བར་བྱས་པ་ཡིན། ང་ཚོའི་ཆོས་བྱུང་ནང་གནམ་འབྲུག་ཏུ་འབྲུག་མ་བུ་དགུ་ནམ་མཁར་འཕུར་བའི་ལོ་རྒྱུས་ཡོད་པ་དང༌། བིཏིནམ་ལ་ཧེནོཡེ་དུ་འབྲུག་ལངས་པ་དང༌། ཧ་ལོང་མཚོ་ཁུག་ཏུ་འབྲུག་མང་པོ་ཉལ་ནས་ཡོད་པའི་གཏམ་རྒྱུས་ཡོད་རེད།

གཞུང་ཕྱོགས་ནས་ང་ཚོ་སྟོན་འཁོར་ལ་གསེར་གྱི་འབྲུག་ཞིག་ལགས་རྟགས་སྤྲད་དེ་ང་ཚོ་བསུ་བ་བྱས་ཤིང༌། དེས་ང་ཚོའི་འབྲེལ་བ་གཏིང་ཟབ་པོ་ཡོད་པ་དེ་མཚོན། ད་ནི་འབྲུག་སྒྲ་ཡང་ཡང་བསྒྲགས་རྗེས་ཆར་པ་བབས་ཀྱི་འདུག ནམ་རྒྱུན་དབང་བསྒྲུབས་འཕྲལ་ཆར་པ་སྐར་མ་ལྔ་ཙམ་བབས་ཤིང་མི་རྣམས་དགའ་འཚོར་ཆེན་པོའི་ངང་ཆར་པའི་ནང་རྒྱུགས་འགྲོ་གྱིས། ཆར་པ་འཁྲིད་ཡོང་བའི་འབྲུག་གིས་རྒྱལ་ཁབ་དང་མི་མང་ལ་བདེ་སྐྱིད་འབྱུང་བའི་རྟགས་མཚན་དུ་བརྩི་བས་བིཏིནམ་མི་མང་ལ་ཕན་ཐོག་ཡོང་ངེས། འདི་དག་རང་གིས་དངོས་སུ་མཐོང་བར་དགའ་པོ་བྱུང༌། ང་ལ་དུས་ཚོད་ཐོབ་སྐབས་ཤིག་ལ་ངས་རང་གི་མྱོང་འཚོར་རྒྱས་བཤད་བྱེད་ཀྱི་ཡིན།

You are here: མདུན་ངོས། གསར་གནས། ༢༠༡༡ གསར་མཛོད། འབྲུག་བརྒྱུད་ཀྱི་འབྲེལ་བ།