༢༠༡༡ གསར་མཛོད།

ཁ་ནང་ལ་ཕྱོགས་ཏེ་རང་གི་སེམས་ལ་བལྟ་བ།

༄༅། །ང་ཚོ་སྟོན་འཁོར་ ༡༡༠ ཙམ་ཞིག་བིཏི་ནམ་དང་ཐེ་ཝན་ཁུལ་དུ་ཟླ་བ་གཅིག་ཙམ་རིང་སྐོར་བསྐྱོད་རྗེས་ཕྱིར་ལོག་ཏེ་གོམ་འགྲུལ་གནས་སྐོར་ལ་འགྲོ་རྒྱུའི་གྲ་སྒྲིག་བྱ་བཞིན་ཡོད། ང་ཚོའི་སྐོར་བསྐྱོད་གོ་སྒྲིག་བྱེད་མཁན་དང་བླངས་བ་ཚོ་དང་སྦྱིན་བདག་རྣམ་པར་ངས་ཐུག་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱ་ར་བ་རིན་པོ་ཆེས་ཆོས་བརྒྱུད་དང་ཆོས་ཀྱི་བྱེད་སྒོར་ཐུགས་འཁུར་ཆེན་པོ་གནང་བར་ཧ་ཅང་དགའ་པོ་བྱུང༌། ངའི་སློབ་མ་དང་གྲོགས་པོ་ཚོའི་རོགས་འདེགས་འོག་མ་འོངས་པར་ང་ཐེ་ཝན་དུ་ཡོང་སྐབས་དང༌། ཡང་ན་ངའི་སློབ་མ་གསར་རྙིང་བལ་ཡུལ་འབྲུག་ཨ་མི་ཏ་བྷ་རི་བོའམ། དཔལ་ལྡན་འབྲུག་པའི་ལོ་འཁོར་ལྷན་འཛོམས་ཐེངས་རྗེས་མར་ཡོང་སྐབས་སེམས་ཅན་དེ་བས་མང་བ་ཞིག་ལ་ཕན་ཐོག་ཡོང་ངེས་ཡིན་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད། ང་ཚོའི་ཡུལ་གྲུ་གཉིས་ཀྱི་སྐོར་བསྐྱོད་ལམ་ལྷོང་ལྡན་པ་ཡོང་བར་འབད་རྩོལ་བྱེད་མཁན་ཀུན་ལ་ང་དང་ངའི་བཙུན་མ་སྟོན་འཁོར་ཀུན་ནས་རྗེས་སུ་ཡི་རངས་ཡོད།

གྲོགས་པོ་གསར་པ་མང་པོ་ཞིག་ངའི་སར་ཐད་ཀར་ཡོང་སྟེ་ཆོས་གཤའ་མ་ཞིག་བྱེད་འདོད་ཡོད་སྙིང་ནས་ལུགས་ཤོད་མཁན་བྱུང་བར་དགའ་པོ་ཞེ་དྲག་བྱུང༌། ངའི་བྱེད་སྟངས་ནི་ཐད་ཀར་ཡིན་ཅིང༌། ང་ལ་སུ་ཞིག་དང་ཡང་འབྲེལ་ལམ་བྱེད་པའི་རང་དབང་ཡོད་ལ་སུ་ལའང་སློབ་སྟོན་བྱེད་པའི་རང་དབང་ཡོད། དེ་གང་གིས་ན། ངའི་དམིགས་ཡུལ་ནི་གཞན་ལ་རོགས་ཕན་བྱེད་རྒྱུ་དེ་ཁོ་ན་ཡིན། བྱེད་སྟངས་འདི་མི་འགའ་ཤས་ཀྱི་བློ་ལ་མ་བབ་ནའང་གཞན་འགའ་ཞིག་བློ་ལ་བབ་ཀྱི་རེད། ང་དང་ངའི་འཁོར་བཅས་དང་མཉམ་དུ་ཆོས་ལ་ཞུགས་འདོད་ཡོད་མཁན་ཚོའི་དབར་ཁུ་སིམ་པོའི་ངང་འབྲེལ་ལམ་གཏོད་མཁན་ཚོའི་མིང་འདོན་མ་བྱས་པར་ངས་ཐུགས་རྗེ་ཆེ་ཞུ། འདི་ནི་ཚོགས་གསོག་པའི་ཐབས་བཟང་པོ་ཞིག་ཡིན་པས་ཚང་མས་ཡི་རངས་བྱེད་དགོས། འཛམ་གླིང་འདིའི་ནང་རོགས་པ་དགོས་མཁན་སེམས་ཅན་མང་པོ་ཞིག་ཡོད་པས་ང་ཚོས་ནུས་སྟོབས་ཡོད་ཚད་དགེ་མཚན་ལྡན་པའི་རྒྱུ་རྐྱེན་ཐོག་འབུངས་དགོས། དེ་ཡང་ཞི་བ་ལྷ་སོགས་སྐྱེས་ཆེན་དམ་པ་རྣམས་ཀྱིས་དགེ་བའི་གྲོགས་དང་འགྲོག་དགོས་པ་དང་སྡིག་གྲོགས་སྤོང་དགོས་གསུངས་པའི་རྒྱུ་མཚན་ཡང་དེ་ཡིན། ཕྱི་ཚུལ་ཙམ་དུ་གང་ཟག་ཞིག་གིས་འདོད་པ་ལྟར་གཏམ་སྨྲ་བའམ་བྱ་བ་བྱེད་མཁན་ཞིག་ལ་དགེ་བའི་གྲོགས་པོ་ཟེར་བ་མིན། ཆོས་ལྟར་འཚོ་ཞིང་དགེ་བ་བསྒྲུབ་རྒྱུར་རོགས་བྱེད་མཁན་ཞིག་ལ་དགེ་བའི་གྲོགས་པོ་ཟེར་བ་ཡིན། གལ་ཏེ་རང་ཉིད་ཀྱི་མཐའ་འཁོར་དུ་གནས་པའི་སྐྱེ་བོ་གང་ཞིག་གིས་ཁྱེད་ཀྱི་འདོད་པ་ལྟར་གཏམ་སྨྲ་བ་དང་ཕྱི་ཚུལ་གྱི་བྱ་བ་བྱེད་ཀྱིན་འདུག་ན་དེས་རང་ཉིད་ཀྱི་སེམས་འཚོར་ལ་སྐུལ་དེད་བྱེད་ཅིང་གནས་སྟངས་རྣལ་མ་དེ་ལས་ཐག་རིང་དུ་གཏོང་བ་ཡིན་པས། དེ་ནི་དགེ་བའི་གྲོགས་པོ་མིན།

རྒྱབ་ལྗོངས་སུ་སེམས་འཚོར་གྱི་རྐྱེན་ཆག་རིགས་ཡོང་ངེས་པས། ངས་ཆོས་ཡང་དག་བྱེད་མཁན་ཚོར་རྐྱེན་ཆག་འདི་རིགས་སྣང་མེད་དུ་སྐྱུར་དགོས་པའི་བསླབ་བྱ་བྱེད་ཀྱི་ཡོད། མཐར་ཐུག་ཆོས་བརྒྱུད་ལ་ཕན་པ་དང༌། སེམས་ཅན་མང་པོར་ཕན་ཅིང༌། གང་བྱས་པ་དེ་སྒེར་དོན་གྱི་དྲི་མ་མེད་པ་ཞིག་ཡིན་ན་དེ་ཀས་འགྲིག་པ་རེད། འོན་ཀྱང་གལ་ཏེ་རྐྱེན་ཆག་འདི་རིགས་ཀྱི་རྒྱུ་རྐྱེན་རང་ཉིད་ཡིན་ན་རང་གིས་རང་ལ་བརྟགས་ནས་ལེགས་བཅོས་བྱེད་དགོས། ལས་བཟང་ངན་ནི་ཀུན་སློང་ཁོ་ནར་རག་ལུས་པ་ལས་གཞན་གང་ལའང་འབྲེལ་བ་མེད། རང་གི་ལས་ཀ་བྱེད་བཞིན་སེམས་ལ་བྱ་ར་བྱེད། གང་ཡིན་ཟེར་ན། ལུས་དང་ངག་གཉིས་སེམས་ཀྱི་དབང་འོག་ཏུ་གནས་ཡོད།

བཅར་འདྲི་ཞིག་གི་སྐབས་གསར་འགོད་པ་ཉམས་མྱོང་ཅན་ཞིག་གིས་དྲི་བ་བློ་ལ་འཐད་པོ་ཞིག་དྲིས་བྱུང༌། ཁོ་མོས། ཁྱེད་རང་འཛམ་གླིང་འདི་ནང་ལོ་ངོ་སྟོང་ལྷག་གནས་ཡོད་པས་ཐང་ཆད་ཀྱི་མི་འདུག་གམ། ཞེས་ཟེར་བྱུང༌། ཐང་ལོས་ཆད། ངས་དྲྭ་རྒྱའི་ཐོག་གླེང་རྩོམ་ཞིག་བྲིས་ན་མི་འགའ་ཞིག་གིས་རང་དང་མ་མཐུན་པའམ་མ་དགའ་བ་ཚོར་དཔྱད་དཔག་བྱེད་ཕྱིར་ངའི་བརྗོད་བྱ་བེད་སྤྱོད་བྱེད་ཀྱི་འདུག ཆོས་ཀྱི་བསླབ་བྱ་ནི་རང་གིས་རང་ལ་བརྟགས་དཔྱད་བྱེད་དགོས་པ་དེ་ཡིན་ཅིང༌། རང་ཉིད་སངས་མ་རྒྱས་བར་གཞན་ལ་དཔྱད་དཔག་བྱེད་པའི་ཁེ་དབང་མེད། དེས་ན་ང་སྐབས་རེ་གད་མོ་ཤོར་གྱིས། ངས་དབྱིན་སྐད་སྡེབ་སྦྱོར་ཡར་རྒྱས་གཏོང་ཆེད་རང་གི་ནུས་སྟོབས་ཆུས་ཟོད་གཏོང་དགོས་སམ། ཚང་མས་ཤེས་གསལ་ལྟར་ང་སློབ་གྲྭར་འགྲོ་མྱོང་མེད་པས། འདི་ཀུན་འབྲི་བར་ང་ལ་དཀའ་ངལ་ཇི་ཙམ་ཡོད་ཤེས་ཀྱི་རེད། རང་ཉིད་ལེགས་བཅོས་བྱེད་པའི་འདམ་ཀ་མ་བྱས་ན་གཞན་ལ་ངན་སྨྲས་བྱེད་བཞིན་རང་ཀྱི་སེམས་ཀྱང་ཇི་ངན་དུ་འགྲོ་བ་དང༌། ཆོས་བྱེད་རྒྱུ་དེ་ཟློས་གར་ཙམ་ཞིག་ལ་འགྱུར་གྱི་རེད། དེས་ན་རང་གི་སེམས་འཚོར་དེ་རང་གི་དཔོན་བྱེད་མ་འཇུག རང་ཉིད་རང་གི་དཔོན་ཡིན།

འོ་ན་ལམ་དེ་ག་ན་ཡོད་དམ་ཞེས་ན། ལམ་དེ་ཁྱེད་རང་གི་རྒྱུད་ལ་ཡོད་ཅིང༌། ངས་ལམ་དེ་སྟོན་ཐུབ་ནའང་དེ་ཐོག་ཏུ་བསྐྱོད་དང་མ་བསྐྱོད་ཁྱེད་རང་གི་འདམ་ཀ་རེད། ཡང་སློབ་དཔོན་འབའ་ཞིག་ནས་ཁྱེད་ཀྱི་ཚབ་ཏུ་ལམ་དེ་ཐོག་ཁོས་བསྐྱོད་ཆོག་ཟེར་ན་དེ་ལ་ཡིད་ཆེས་མ་བྱེད། ལམ་དེ་ཐོག་ཁྱེད་རང་བསྐྱོད་དགོས་པ་ཡིན། ངས་རྒྱུན་དུ་རང་གི་སེམས་ལ་ལྟོས། རང་གིས་རང་ལ་ལྟོས། གཞན་ལ་མཛུབ་མོ་མ་བཙུགས། རང་གི་དཀའ་སྡུག་དེ་གཞན་ལ་ཁག་དཀྲི་མ་བྱེད་ཅེས་ནན་བཤད་བྱེད་དགོས་དོན་དེ་ཡིན། སྐྱིད་དང་སྡུག་དེ་རང་ཉིད་ལ་རག་ལུས་པ་ཡིན། མི་མང་ཆེ་བས་དགོས་མེད་ཀྱི་ཡ་ལན་སྤྲད་ནས་མི་དགེ་བ་དེ་བས་མང་བ་གསོག་གི་ཡོད། རང་གི་སེམས་འཚོར་ལ་བརྟགས་ཤིང་དེ་བསྒྱུར་ནུས་ལ་རང་དང་གཞན་གྱི་སེམས་འཚོར་ལ་ཡ་ལན་མ་བྱེད་མཁན་དེ་ནི་མི་ཤེས་རབ་ལྡན་པ་ཞིག་ཡིན། སེམས་འཚོར་ནི་རང་གཞན་གྱི་འབྲེལ་བ་རྩ་གཏོར་གཏོང་མཁན་ཞིག་ཡིན། ཐོག་མར་གཞན་ལ་སྐྱོན་བརྗོད་དང་ཁག་དཀྲི་བྱེད་ཅིང༌། རིམ་བཞིན་མི་ཐམས་ཅད་གཡོལ་བྲོས་ཀྱིས་རང་གི་མཐའ་འཁོར་དུ་སུ་ཡང་མེད་པ་ཤེས་དུས་རང་གིས་རང་ལ་ཁ་ཉེས་གཏོང་བ་ཞིག་ཡོང་བ་ཡིན། མཐར་ཐུག་གི་མི་ངན་པའམ་སེམས་ཅན་ངན་པ་ཞིག་ཡོད་པར་ངས་ཡིད་ཆེས་བྱེད་ཀྱི་མེད། རང་ཉིད་ལེགས་བཅོས་བྱེད་པའི་གོ་སྐབས་ཡོད་ཀྱང་ལེགས་བཅོས་བྱེད་དགོས་ངེས་ཀྱི་ཤེས་རྟོགས་དེ་རང་རྒྱུད་ནས་ཡོང་དགོས། དེ་ནས་དགའ་ཞིང་དང་བླངས་ཀྱི་སྒོ་ནས་རང་ཉིད་ལེགས་བཅོས་བྱེད་བཞིན་ཆོས་ཀྱི་ལམ་ལ་འཇུག་པ་ཡིན།

གལ་ཏེ་གང་ཟག་ཞིག་གིས་ཁྱེད་རང་གིས་རྒྱུས་ངོ་མེད་པའི་མིའི་སྐོར་ལ་འཆལ་གཏམ་ཤོད་ཀྱིན་ཡོད་ན་ཅི་བྱེད་དགོས་སམ་ཞེ་ན། སྐད་ཆ་མ་ཉོན། ཡིད་ཆེས་མ་བྱེད། དཔྱད་དཔག་མ་བྱེད། ཡང་གང་ཉིད་བློ་སྟོབས་དམན་ན་འཆལ་གཏམ་ཤོད་མཁན་དེ་ཡ་མེད་དུ་ཞོག གལ་ཏེ་ཁྱེད་རང་སྡང་སེམས་ཀྱི་གཏམ་འཆལ་བྱེད་ཡུལ་ཞིག་ཡིན་ན་ཅི་བྱེད་དགོས་སམ། དེ་ནི་བཟོད་པ་དང་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱེད་རྒྱུའི་གོ་སྐབས་ཤིག་ཡིན་པས་འཚམས་འདྲི་ཞུ་འོས་པ་ཡིན། སྐྱེ་བོ་ཞིག་གིས་ཁྱེད་ལ་ཤེས་རྟོགས་དེ་མྱོང་རྟོགས་ལ་བསྒྱུར་རྒྱུའི་གོ་སྐབས་སྤྲད་པ་ཞིག་ཡིན། ཁོང་ཀུན་ལ་ཐུགས་རྗེ་ཆེ་ཞུས་ཏེ་དགེ་བ་ཁོང་ཀུན་ལ་བསྔོ་བར་བགྱིས། གལ་ཏེ་སྡུག་པོ་གཏོང་མཁན་མེད་ཅིང་སྡུག་བསྔལ་མེད་ན་ཤེས་རབ་དང་སྙིང་རྗེ་འབྱོང་ཐབས་དཀའ། གལ་ཏེ་སྐྱེ་བོ་དེ་རིགས་གདོང་ལེན་བྱེད་མི་ཕོད་ན་ཕྱི་ཚུལ་དུ་སྣང་མེད་ཞོག་ལ་བྱང་ཆུབ་ཀྱི་སེམས་ཉམས་ལེན་སྐབས་ཁོང་ཚོ་ནམ་ཡང་བློས་མ་གཏོང༌། ང་ལ་ཉམས་མྱོང་འདི་རིགས་ཡོང་སྐབས་ཐོག་མར་རང་ལ་བལྟ་ཡི་ཡོད། རང་གིས་རང་ལ་བརྟགས་ནས། ང་ལ་སྐྱོན་འདུག ལེགས་བཅོས་བྱེད་དགོས་འདུག་ཅེས་ཟེར་རྒྱུར་དཀའ་ངལ་ཆེན་པོ་འདུག དེ་ནས་མི་ཚོས་ང་ལ་མི་དགའ་བ་དང་སྡང་པོ་བྱེད་དགོས་དོན་གང་ཡིན་བརྟགས་དཔྱད་བྱེད་ཀྱི་ཡོད། དེ་རྗེས་སྟོབས་འབྱོང་ཐབས་བྱེད་ཀྱི་ཡོད། སྟོབས་ཞེས་པ་དེ་ནི་བཙུན་མ་ཚོས་སྦྱང་བཞིན་པའི་ཀུང་ཕུ་ལྟ་བུའི་དྲག་རྩལ་ལ་ཟེར་བ་མིན། ཤེས་རབ་དང་བྱམས་པ། སྙིང་རྗེ་བཅས་སྦྱངས་ནས་ཉམས་རྟོགས་ཀྱི་སྟོབས་དེ་འབྱོང་ཐབས་བྱེད་པ་དེ་ཡིན། ཉམས་རྟོགས་འདི་ལ་བརྟེན་ནས་ངའི་སེམས་འཚོར་རྣམས་རང་སར་ཞི་ནས་ལམ་ཟབ་མོ་ཞིག་ཏུ་གྱུར་གྱི་འདུག སྤྱད་ཤེས་ན་སེམས་འཚོར་ཀྱི་རིགས་སྡུག་པོ་ཞིག་མ་རེད། རང་ཉིད་ཉམས་ལེན་པ་བཟང་པོ་ཞིག་ཡིན་ན་སེམས་འཚོར་དེ་རིགས་རང་ཉིད་ལམ་ལ་འཇུག་པའི་འཕྲུལ་འཁོར་ལྟ་བུར་བེད་སྤྱོད་ཆོག་པ་ཡིན། རང་ཉིད་ཉམས་ལེན་པ་འབྲིང་ཙམ་ཞིག་ཡིན་ན་སེམས་འཚོར་རྣམས་བཅད་དེ་བཅོས་བཞིན་ལམ་དུ་འཁྱེར་ཐུབ་པ་དགོས།

སེམས་འཚོར་ལ་ཡ་ལན་སྤྲོད་པ་དེ་ཕམ་ཉེས་ཆེ་ཤོས་རེད་ཅེས་ཤོད་སྲོལ་ཡོད་པས། ཡ་ལན་མ་སྤྲོད། དེ་དག་ལམ་དུ་འཁྱེར་མ་ཐུབ་ན་སྣང་མེད་དུ་ཞོག དེ་རིང་ཤོད་རྒྱུ་འདི་ཙམ་ཡིན། Facebook ནང་འདྲ་པར་བརྒྱ་ཕྲག་མང་པོ་སྟོན་འདུག་ན་ངས་འདིར་པར་རིགས་འགྲེམ་འཇོག་བྱེད་དགོས་དོན་མ་མཐོང༌། ཐེ་ཝན་གྱི་མཛད་རིམ་གམ་བཅར་མ་ཐུབ་པ་ཚོའི་ཆེད་ངས་འདིར་འདྲ་པར་འགའ་ཤས་འདེམས་འཇོག་བྱས་ཡོད། ཉིན་ཤས་རྗེས་ངས་བསམ་འཆར་འགོད་རྒྱུ་ཡིན་པས་སྐད་རིགས་འདྲ་མིན་ནང་བསྒྱུར་མཁན་ཚོས་རྗེས་ནོན་པའི་རེ་བ་ཡོད།

You are here: མདུན་ངོས། གསར་གནས། ༢༠༡༡ གསར་མཛོད། ཁ་ནང་ལ་ཕྱོགས་ཏེ་རང་གི་སེམས་ལ་བལྟ་བ།