༢༠༡༡ གསར་མཛོད།

གྲ་སྒྲིག་ཡོད་དམ།

༄༅། །བདུན་ཕྲག་གཅིག་གི་ནང་མུམ་བཻ་གྲོང་འཁྱེར་ནས་སན་ཅི་མཆོད་རྟེན་བར་་གྱི་ང་ཚོའི་གོམ་འགྲུལ་གནས་སྐོར་འགོ་གཟུག་རྒྱུ་ཡིན་ཅིང༌། ང་ཚོ་མི་བཞི་བརྒྱ་ལྷག་ཞིག་སྡེ་ཤོག་སྡེ་ཤོག་བྱས་ཏེ་མུམ་བཻ་ཕྱོགས་སུ་ཐོན་བཞིན་ཡོད། སྔོན་གྱི་ཧི་མ་ལ་ཡའི་རི་རྒྱུད་དུ་གོམ་འགྲུལ་གནས་སྐོར་ཐེངས་གཉིས་བྱས་པ་དང་བསྡུར་ན་དེང་དུས་ཀྱི་མཐུན་རྐྱེན་བེད་སྤྱོད་རྒྱུར་སྒོམ་པ་ཡོད་མཁན་ཚོར་ད་རེས་ཀྱི་གནས་སྐོར་འདི་དེ་ཙམ་དཀའ་ལས་ཁག་པོ་ཡོང་གི་མ་རེད། སྤྱིར་བཏང་མི་ཚེའི་འགྲོ་སྟངས་དང་འདྲ་བར་རྩོད་ལེན་བྱེད་དགོས་པའི་རིགས་ཡོང་གི་རེད། ང་ཚོ་ཕྱིའི་ཁོར་ཡུག་ཡང་དག་པ་ཞིག་གི་ནང་ལ་བསྡད་ཡོད་ནའང་དེ་ཚོར་ཡི་རངས་དང་ལོངས་སྤྱོད་བྱེད་སྟངས་མ་ཤེས་ན་དཀའ་ངལ་ཡོང་གི་ཡོད། དཔེར་ན། ང་ཚོ་ཧི་མ་ལ་ཡའི་རྒྱུད་དུ་གོམ་འགྲུལ་གནས་སྐོར་ལན་གཉིས་བྱེད་སྐབས་ཕྱི་རྒྱལ་བ་ཚོས་ཁ་ལག་ཡག་པོ་མེད་པའི་སྐྱོན་བརྗོད་བྱས་ཡོད། རི་མཐོ་པོའི་སར་ཟ་ཆས་དང་སྣོད་ཆས་དེ་ཚོ་འོར་འདྲེན་དང་མ་བྱན་ཚོས་ཁ་ལག་བཟོ་རྒྱུར་ངལ་བ་ཇི་ཙམ་བྱས་ཡོད་དེ་ཁོང་ཚོས་བསམ་ཤེས་ཐུབ་ཀྱི་ཡོད་མ་རེད།

ང་ཚོས་མི་ཚེའི་ནང་ཡི་རངས་བརྩི་མཐོང་བྱེད་ཤེས་ཀྱི་མེད་པའི་རྐྱེན་གྱིས་བདེ་སྐྱིད་ཀྱི་ལམ་དེ་ཐོབ་ཀྱི་མེད། སྐྱོན་བརྗོད་བྱེད་ཅིང་རང་ཉིད་མ་སྐྱིད་པ་དང༌། གནས་སྟངས་དང་ཉེ་འཁོར་གྱི་མི་རྣམས་ལ་མ་དགའ་བའམ་ཁོང་ཁྲོ་བྱེད་པའི་ཁག་དཀྲི་བྱེད་ཡུལ་འཚོལ་བཞིན་ང་ཚོས་བདེ་སྐྱིད་ཀྱི་རེ་བ་བྱེད་ཀྱི་ཡོད་རེད། ང་ཚོའི་སེམས་ཀྱིས་རྒྱུན་དུ་དཀའ་རྙོག་འཚོལ་བསྒྲུབ་བྱེད་ཀྱི་ཡོད་ན་བདེ་སྐྱིད་གང་ནས་ཡོང་གི་རེད་དམ། འདི་འདྲ་བྱེད་བཞིན་བདེ་སྐྱིད་ཐོབ་ན་དེ་ནི་དངོས་གནས་རྫུ་འཕྲུལ་རེད། སེམས་དཀའ་རྙོག་ཅན་ཞིག་ཡོད་ན་ལུས་དང་ངག་གི་བྱེད་བབ་ཡང་བདེ་པོ་ཞིག་དང་སྐྱིད་པོ་ཞིག་ཡོང་ཐབས་མེད།

རིན་པོ་ཆེ་ཞིག་གིས་ང་ལ་སྡིག་སྒྲིབ་དག་ཐབས་མྱུར་པོ་དང་ནུས་ལྡན་ཅི་ཞིག་ཡོད་དམ་ཞེས་དྲིས་བྱུང་བར། ངས་གོམ་འགྲུལ་གནས་སྐོར་ལ་ཕེབས་རྒྱུ་དེ་རེད་ཅེས་ཞུས་པ་ཡིན། ཀུན་སློང་བཟང་པོ་ཞིག་དང་སྦྲགས་ཕྱི་ལུས་ཀྱི་ངལ་བ་བྱས་ན་ཡག་པོ་ཡོད་རེད། འོན་ཀྱང་དེང་སང་དེང་རབ་ཅན་གྱི་མཐུན་རྐྱེན་དབང་གིས་ང་ཚོས་མི་ཚེའི་ནང་ཕྱི་ལུས་ཀྱི་ངལ་བ་བྱེད་རྒྱུ་དཀོན་པོ་འདྲ་ཞིག་ཆགས་ཡོད། དེར་བརྟེན་གོམ་འགྲུལ་གནས་སྐོར་གོ་སྒྲིག་བྱེད་རྒྱུ་དེ་ལུས་ནུས་དང་སེམས་སྟོབས་གཉིས་ཀ་ཡོད་པ་དེ་ཚོའི་ཆེད་ཚོགས་བསག་སྒྲིབ་སྦྱང་གི་ཐབས་བཟང་ཤོས་ཤིག་ཡིན།

ད་རེས་ཀྱི་གོམ་འགྲུལ་གནས་སྐོར་དེ་དཀའ་ལས་དེ་ཙམ་མེད་པ་སོང་ཙང་དུད་འགྲོ་དང་མི་གཞན་གྱི་རོགས་མེད་པར་རང་གི་ཅ་དངོས་རྣམས་རང་གིས་འཁུར་དགོས། དགེ་འདུན་ཕོ་མོ་རྣམས་ཀྱིས་བཟོས་པའི་ཁ་ལག་ལ་ཕྱི་རྒྱལ་བ་ཚོའི་སྐྱོན་བརྗོད་སྔོན་འགོག་ཆེད་ད་རེས་ཁོང་རྣམས་སྡེ་ཤོག་གཅིག་ཏུ་བསྒྲིལ་རྒྱུ་དང༌། ཁོ་རང་ཚོའི་ཁ་ལག་ཁོ་རང་ཚོས་བཟོ་དགོས་པ་ཡིན། སྡེ་ཤོག་སོ་སོར་འགྲོ་གྲོན་འཆར་དངུལ་སྤྲོད་རྒྱུ་དང་འཆར་དངུལ་དེ་གཞི་བཞག་གིས་ཁ་ལག་རང་འདོད་བཞིན་བཟོ་ཆོག དགེ་འདུན་ཕོ་མོ་རྣམས་བཅུ་ཤོག་ཁག་བགོས་ཀྱིས་སོ་སོའི་ཁ་ལག་བཟོ་དགོས། ཟས་གཡོ་སྦྱོར་གྱི་ཡོ་ཆས་རྣམས་འཁུར་མི་གླས་ཏེ་ཡོད་པ་ལས་དེ་མིན་ཅ་དངོས་ཚང་མ་ང་ཚོ་རང་གིས་འཁྱེར་དགོས་པ་ཡིན། ང་ཚོ་ཚང་མ་གོམ་འགྲུལ་གནས་སྐོར་དེ་བཞིན་སྤྲོ་སེམས་འཁོལ་བའི་ངང་མདུན་བསུ་བྱེད་བཞིན་ཡོད།།