༢༠༡༡ གསར་མཛོད།

རྗེས་ལ་ཐུག་ཡོང༌།

༄༅། །ང་ཚོ་གོམ་བགྲོད་གནས་སྐོར་འགྲོ་རྒྱུའི་གྲ་སྒྲིག་བྱེད་བཞིན་སྤྲོ་བ་འཕེལ་བའི་དུས་སྐབས་ཤིག་ལ་མདུན་བསུ་བྱེད་ཀྱི་ཡོད། རང་འབྱུང་ཁམས་དང་ཉེ་བར་སྡོད་རྒྱུའི་གོ་སྐབས་ཡིད་ལ་ནམ་དྲན་ནའང་དགའ་བ་བསྐྱེད་ཀྱི་འདུག ང་ཚོས་དགོས་མེད་ཀྱི་འཕྲུལ་རྩལ་གསར་གཏོད་བྱེད་བཞིན་རང་བྱུང་ཁམས་དང་རྒྱང་ཐག་རིང་དུ་འགྲོ་བ་དང༌། རང་འབྱུང་ཁམས་དང་སླར་ཡང་ཉེ་བར་ཡོང་ཆེད་ངལ་བ་ཆེན་པོ་བྱེད་དགོས་ཆགས་ཀྱི་ཡོད། དགོས་མེད་ཀྱི་དཀའ་ངལ་བཟོས་རྗེས་དེ་དག་སེལ་ཕྱིར་དུས་ཚོད་ཆུད་ཟོས་གཏོང་བ་དང༌། དགོས་མེད་བྱ་བ་བྱེད་པ་དང་དོན་མེད་ཀྱི་སྐད་ཆ་བཤད་རྗེས་འགྱོད་པ་བྱེད་པ་ནི་ང་ཚོའི་མི་ཚེ་བསྐྱེལ་སྟངས་ཆགས་ཡོད། དེ་འདྲ་སོང་ཙང་དུས་རྒྱུན་དུ་དྲན་ཤེས་བརྟན་པོ་དགོས་པ་དང་རང་གཞན་གཉིས་ཀར་འགན་སེམས་དགོས།

ང་ཚོས་དྲང་པོའི་ངང་རང་གཤིས་དང་བསྟུན་ཐུབ་ན་ཆོས་ཀྱི་ལམ་ལ་ཞུགས་པ་ཡིན། འདི་ནི་རང་བཞིན་གྱི་རྒྱུད་རིམ་ཞིག་ཡིན། རང་བཞིན་ཞེས་པ་ནི་ཆོ་མེད་ཀྱི་སྤྲོས་པ་དང་བྲལ་བ་ཞིག་ལ་ཟེར་བ་ཡིན། ང་ཚོ་མང་ཆེ་བ་མངོན་མེད་ངང་རང་གི་རང་བཞིན་དང་ཉེ་བར་གནས་ཐུབ་ཀྱི་མེད་སྟབས་རང་བཞིན་དང་ཉེ་བར་ཡོང་ཆེད་ཧུར་བརྩོན་བྱེད་དགོས་པ་ཡིན། རྐང་པ་ས་ལ་བཙུགས་ཏེ་ས་གཞིའི་ཁམས་དང་ཐད་ཀར་འབྲེལ་བ་བྱེད་དགོས་པ་དང༌། འབྲེལ་བ་འདི་ལ་བརྟེན་ནས་རང་འབྱུང་ཁམས་ལ་བརྩི་མཐོང་བྱེད་ཐུབ་པ་ཡིན། བརྩི་མཐོང་འདིའི་དབང་གིས་འགྲོ་བ་མིས་རང་གི་རྨོངས་པ་དང༌། རང་འདོད། བག་མེད་ཀྱི་འཚོ་བ་བསྐྱལ་སྟངས་ཀྱི་རྐྱེན་པས་རང་འབྱུང་ཁམས་ལ་གནོད་འཚེ་ཇི་ཙམ་བྱས་ཡོད་ང་ཚོས་ཤེས་ཐུབ་པ་ཡིན། ཡང་ང་ཚོས་མ་འོངས་ཀྱི་མི་རབས་ལ་བསམ་ཤེས་བྱེད་མི་དགོས་ན་འདི་གནད་དོན་ཞིག་ཆགས་ཀྱི་མེད་པ་དང༌། དེ་བཞིན་རང་གི་འཚོ་བར་བསམ་བློ་གཏོང་མི་དགོས་ན་འདི་གནད་དོན་ཞིག་ཆགས་ཀྱི་མེད། ང་ཚོ་བདེ་སྐྱིད་ཀྱི་འཚོ་བ་བསྐྱལ་འདོད་ཅིང་གནད་ཚུལ་འདི་ཀུན་ལ་ང་ཚོས་བསམ་བློ་གཏོང་གི་ཡོད་ཅིང༌། འོན་ཀྱང་ང་ཚོ་ཁ་ཕྱོགས་ལྡོག་སྟེ་འགྲོ་གི་ཡོད། གྲོག་འབུ་ཚུད་པའི་སེམས་ཅན་ཐམས་ཅད་བདེ་བ་འདོད་པ་ཤ་སྟགས་ཡིན་ཀྱང་ང་ཚོའི་བྱ་སྤྱོད་ཐམས་ཅད་ཀྱིས་ང་ཚོ་རང་འབྱུང་ཁམས་དང་བར་ཐག་རིང་དུ་འགྲོ་བཞིན་སོ་སོའི་རང་བཞིན་དང་རྒྱང་ཐག་རིང་དུ་འགྲོ་བ་དང༌། བདེ་སྐྱིད་ལས་ཐག་རིང་དུ་འགྲོ་གི་ཡོད།

ང་ཡང་དེང་དུས་ཀྱི་སྟབས་བདེ་རྣམས་ལོངས་སྤྱོད་བྱེད་རྒྱུར་དགའ་པོ་ཡོད། ཡིན་ཀྱང་ང་ཚོས་བག་མེད་བྱས་ཏེ་རང་འབྱུང་ཁམས་དང་འབྲེལ་བ་བཅད་མི་རུང་བས་གོམ་བགྲོད་གནས་སྐོར་བྱེད་པའི་གནའ་སྲོལ་སླར་གསོ་བྱ་རྒྱུའི་འགན་སེམས་ཆེན་པོ་ཡོད་ཅིང༌། ང་ཚོས་རང་འབྱུང་ཁམས་དང་འབྲེལ་ཐབས་གསར་པ་འཚོལ་དགོས་པས་རྐང་འཁོར་གནས་སྐོར་བྱེད་སྲོལ་གསར་གཏོད་བྱེད་བློ་ཆེ། དེ་ནི་དངོས་གནས་སྤྲོ་སྐྱིད་ལྡན་པ་ཞིག་ཡོང་གི་རེད།

སྡེ་ཁག་གི་དགེ་སྦྱོར་བསྙེན་མཚམས་ལ་ཕྱོགས་གང་ས་ནས་ཚུར་སྣང་བཟང་པོ་བྱུང་བས། ༧སྐྱབས་རྗེ་ཁམས་སྤྲུལ་རིན་པོ་ཆེ་མཆོག་ནས་ང་ལ་ཕྱི་ཟླ་ ༡༠ ནང་འབྲུག་ཨ་མི་ཏ་བྷ་རི་བོར་ཚོགས་པ་ལྟ་བུའི་དགེ་སྦྱོར་བསྙེན་མཚམས་ཤིག་བོད་ལུགས་གནམ་ལོ་གསར་དུ་བཞད་འཕྲལ་ཚོགས་རྒྱུའི་རེ་བསྐུལ་བྱུང་བ་ངས་དྭང་ལེན་བྱས་པ་ཡིན། ངའི་སྐྱེས་སྐར་སྐབས་ང་ཚོ་ཚང་མ་མཉམ་འཛོམས་ཀྱིས་ཆོས་འབྲེལ་ཡོང་གི་རེད། དེ་རྗེས་ཉིན་གཉིས་ཀྱི་རྐང་འཁོར་གནས་སྐོར་འགྲུབ་མཚམས་བཟང་སྤྱོད་འབུམ་གསོག་བསྒྲུབ་བྱེད་རྒྱུ་རེད། མཛད་འཆར་ལ་གཟིགས།

ཟླ་གཅིག་གོམ་བགྲོད་གནས་སྐོར་རིང་ངས་གླེང་རྩོམ་འབྲི་ལོང་མི་ཡོང་ཡང་གནས་ཚུལ་རྣམས་ facebook དང་ Twitter སོགས་བརྒྱུད་ལམ་ཁག་བརྒྱུད་མཁྱེན་རྟོགས་ཐུབ་ཀྱི་རེད།