༢༠༡༡ གསར་མཛོད།

ཆོས་ཚོང་བསྒྱུར་ཆེད་མིན།

༄༅། །དེང་སྐབས་ངའི་ཨ་ཁུ་ལགས་འདིར་ཕེབས་ཡོད་སྟབས་ང་ཚོ་ཚང་མ་སྐྱིད་པོའི་ངང་དུས་འདའ་བཞིན་ཡོད། ངའི་ཡབ་ཀྱང་ཤིནྟུ་སྤྲོ་པོ་གནང་གི་འདུག་ཅིང༌། ཁོང་གཉིས་ལྷན་འཛོམས་མཇལ་དུས་སྐྱིད་པོ་འདུག་ལ། ཁོང་གཉིས་ཀྱང་ལྷན་དུ་བཞུགས་རྒྱུར་སྤྲོ་སྣང་ཆེན་པོ་གནང་གི་འདུག ཉིན་གང་ཆུ་ཚོད་རེ་རེ་ཡང་བྱིན་རླབས་ཅན་དུ་འདུག་པས་དངོས་འབྲེལ་བྱིན་རླབས་ཀྱི་ཆར་བབས་པ་ལྟ་བུར་འདུག འདིར་ང་ཚོ་ཚང་མ་ཨ་ཁུ་ལགས་སྐུ་མདུན་ནས་བཀའ་དབང་རྩ་ཆེན་མང་པོ་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་ཏེ་ཡོད། ངའི་ཨ་ཁུ་ལགས་འདིར་ཕེབས་ཡོད་སྐོར་འུར་ཟིང་བྱེད་མཁན་སུའང་མ་བྱུང༌། ཀུན་ནས་ཤེས་གསལ་ལྟར། ཆོས་ནི་ཤིནྟུ་ནས་རྩ་ཆེན་ཡིན་པས་འཇིག་རྟེན་ལུགས་ཀྱི་ཚོང་བསྒྱུར་བྱེད་མི་རུང་བར་ངས་ཡིད་ཆེས་བྱེད་ཀྱི་ཡོད། ཀུན་སློང་ཡང་དག་པ་ཞིག་མེད་ན། ཆོས་དེ་ཚོང་ཟོག་ལྟར་ཚོང་བསྒྱུར་དང་བླ་མས་ཀྱང་ཚོང་པ་ལྟར་མི་ཚོགས་མང་སར་ཟོག་དེ་ཚོང་བསྒྱུར་བྱས་ཚེ་རིམ་བཞིན་ཆོས་ཀྱི་རིན་ཐང་ལ་སུས་ཀྱང་བརྩི་མཐོང་བྱེད་ཀྱི་མ་རེད།

ངའི་སྤྱིར་བཏང་བ་མ་ཡིན་པའི་ལྟ་བར་རྟེན་ནས་ད་ཆ་ང་ཚོ་འབྲུག་ཨ་མི་ཏ་བྷ་རི་བོ་ལྟ་བུའི་གནས་སྙེམ་ཆུང་དུ་མི་མང་པོས་གོ་འཚོར་མེད་པར་རླབས་ཆེན་གྱི་འདུ་ཚོགས་བྱེད་བཞིན་ཡོད། ངས་དྲིལ་བསྒྲགས་ཤོག་ལྷེ་གཅིག་ཀྱང་བཀྲམ་མེད་ལ། ཁ་པར་ཙམ་ཡང་བཏང་མེད། འོན་ཀྱང་ཡ་མཚན་ཞིག་ལ་ཉིན་རེ་བཞིན་མི་འདུ་འཛོམས་ཆེ་རུ་འགྲོ་གི་འདུག་པས་ད་ཆ་ང་ཚོར་ཆོས་ཞུ་བ་རྣམས་ལ་ཟ་སྡོད་ཀྱི་མཐུན་རྐྱེན་དང༌། ཐ་ན་མོ་ཀྲ་འཇོག་ཡུལ་ལྡེང་མིན་གྱི་བློ་འཚབ་འདུག ཡང་ཕྱོགས་གཞན་ཞིག་ནས་བསམ་ན། མི་མང་པོ་ཞིག་ང་ཚོ་མཉམ་དུ་ཆོས་ཞུ་བར་ཡོང་སྟེ་ཕན་ཐོག་ཡོང་གི་ཡོད་པ་མཐོང་དུས་དགའ་པོ་འདུག

འདུ་ཚོགས་འདི་བཞིན་རྒྱས་སྤྲོས་མེད་ལ་བྱིན་རླབས་ཅན་ཞིག་ཡིན་པ་དེ་ནི་འདིའི་ཁྱད་ཆོས་རེད། མི་བརྒྱ་ཕྲག་མང་པོས་གནས་འདིར་བཀའ་དབང་འདི་འདྲ་ཡོད་པ་ཤེས་མ་བྱུང་ཟེར་དུས་ངའི་བྱེད་སྟངས་འདི་འཇིག་རྟེན་ཆོས་བརྒྱད་དང་བྲལ་བ་བྱུང་ཡོད་པ་ཤེས་ཏེ་ང་རང་སྤོབས་པ་བསྐྱེད་ཀྱི་འདུག

འཇིག་རྟེན་ཆོས་བརྒྱད་ཟེར་སྐབས། གཏམ་དང་ནོར་གྱི་ཆེད་དུ་ནང་པ་སངས་རྒྱས་པའི་ཆོས་འདི་ཉམས་ལེན་བྱེད་མི་རུང༌། འཛམ་གླིང་འདིའི་ནང་ལམ་ལྷོང་ཡོང་ཆེད་གཏམ་དང་ནོར། ལུས་ཁམས་བདེ་པོ་བཅས་དགོས་པ་རེད། འོན་ཀྱང་འདི་ཐམས་ཅད་འགྲུབ་ཆེད་ཐབས་ལམ་གཞན་སྤྱོད་དགོས་པ་ལས་ཆོས་བཙོང་ན་འགྲིག་གི་མ་རེད་བསམ་གྱིས། རང་གི་ཁེ་ཕན་ཆེད་ཆོས་ཚོང་བསྒྱུར་བྱས་ན་འཇིག་རྟེན་ཆོས་བརྒྱད་ཡིན་པས་སྟོན་པ་ཤཀྱཱ་ཐུབ་པའང་འདི་འདྲའི་བྱེད་སྟངས་ལ་དགོངས་པ་འགལ་གྱི་རེད་བསམ་གྱིས། བདག་ཅག་གི་སྟོན་པས་ཀྱང་ཀུན་སློང་མ་རུང་བ་འདི་རིགས་འགོག་ཆེད་ཐེག་པ་གསུམ་གྱི་ལམ་ནས་ཆོས་བསྟན་པ་རེད། འོན་ཀྱང་དེང་སང་ང་ཚོས་ཆོས་ཉམས་ལེན་བྱེད་སྐབས་ཀུན་སློང་མ་དག་པ་འདི་རིགས་ཀྱི་དབང་དུ་འགྲོ་གི་ཡོད་པ་རེད། ངས་རང་གིས་རང་ལ་བལྟ་སྐབས་ང་རང་འདམ་ཉོག་འདི་ནང་བྱིང་བཞིན་འདུག་པ་མཐོང་དུས་བློ་ཕམ་ཆེན་པོ་ཡོང་གི་འདུག་ཅིང༌། ཕྲལ་དུ་འདི་ནང་ནས་ཐོན་ཏེ་ཡེ་ཤེས་ཀྱི་ཨ་ཅོར་གྱིས་རང་ཉིད་འབྱིད་ཐབས་བྱེད་ཀྱི་ཡོད། འོན་ཀྱང་བར་བར་ལ་སྣང་མེད་དུ་འཇིག་རྟེན་ཆོས་བརྒྱད་ཀྱི་འདམ་ཉོག་ནང་ལྷུང་གི་འདུག་པ་ནི་བློ་ཕམ་འོས་པ་ཞིག་རེད།

རང་ཉིད་ཀྱི་མི་ཚེ་མཚར་སྡུག་ལྡན་པ་དང༌། འབྱོར་པ་ཆེན་པོ། སྙན་གྲགས་ཆེན་པོ་ཇི་ཙམ་ཡོད་རུང༌། འཇིག་རྟེན་ཆོས་བརྒྱད་ཀྱི་འདམ་ནང་ཚུད་ན་གནས་སྟངས་དཀའ་ལས་ཁག་པོ་རེད། སྐབས་རེ་དང༌། ལྷག་པར་དུ་དེང་སྐབས་ངའི་ཨ་ཁུ་ལགས་དབུ་བཞུགས་ཐོག་ཆོས་ཀྱི་བྱེད་སྒོ་འདི་རིགས་ལ་བལྟས་ན། ང་ཚོ་འབྲུག་ཨ་མི་ཏ་བྷ་རི་ཁྲོད་ཡོད་པའི་ཆོས་པ་རྣམས་ད་བར་ཆོས་མ་བཙོང་པར་འཚོ་གནས་ཐུབ་པར་དགའ་སྤོབས་བསྐྱེད་ཀྱི་འདུག ངའི་ཨ་ཁུ་ལགས་ནི་བླ་མ་སྐྱེས་ཆེན་ཞིག་ཡིན་པ་དང༌། ཁོང་ནས་ཨ་མི་ཏ་བྷ་རི་བོར་ཡོད་པའི་དད་ལྡན་གྱི་བཙུན་མ་རྣམས་དང་ངའི་སྒྲིག་དམ་པོའི་ལམ་སྟོན་འོག་ཉམས་ལེན་བྱེད་བཞིན་པའི་དགེ་འདུན་པ་ཚོར་བཀའ་ཆོས་ཟབ་མོ་བསྩལ་བཞིན་ཡོད། བླ་སློབ་འདུ་ཚོགས་འདི་བཞིན། ཀུན་སློང་ཡང་དག་དང་སྤྱོད་ལམ་ཡང་དག་བཅས་ཆོས་དང་མཐུན་པའི་འདུ་ཚོགས་ཤིག་ཡིན། གལ་ཏེ་མཐར་པའི་གོ་འཕང་ཐོབ་ཕྱིར་ཆོས་ཉམས་ལེན་མ་བྱས་པར། སྤྱི་ཚོགས་འབྲེལ་མཐུད་དང་ཆབ་སྲིད་ཀྱི་འབྲེལ་ལམ་བསྐྲུན་ཐབས་སུ་ཆོས་རར་ཞུགས་པ་ཡིན་ན། དེ་ལ་ཆོས་ཞེས་འབོད་དགོས་དོན་མི་འདུག་གམ། འཇིག་རྟེན་གྱི་འདུ་འགོད་ཇི་འདྲ་ཞིག་བྱེད་དགོས་ནའང༌། ཆོས་དེ་རང་སར་བོར་ན་ཡག་གི་རེད་བསམ་གྱིས། ཆོས་དེ་བཞིན་འཁོར་བའི་སྡུག་བསྔལ་བསལ་བའི་སྨན་དུ་བེད་སྤྱོད་བྱེད་པ་ལས་དུག་ཏུ་བསྒྱུར་མི་རུང༌། གལ་ཏེ་རང་ཉིད་ཀྱི་ཁེ་ཕན་ཆེད་ཆོས་བཙོང་པ་ཡིན་ན། དེའི་ཆེད་དུ་རང་གི་ཆོས་བརྒྱུད་དང་བླ་ཡང་བཙོང་དགོས་ཡོང་གི་རེད།

ངས་གཏམ་དང་གྲགས་པ། ཟས་དང་ནོར་སོགས་དགོས་མེད་རེད་ཟེར་གྱི་མེད། འཇིག་རྟེན་གྱི་བདེ་སྐྱིད་ལོངས་སུ་སྤྱོད་ཕྱིར་སངས་རྒྱས་ཀྱི་ཆོས་བཙོང་ན་འགྲིག་གི་མ་རེད་ཟེར་གྱི་ཡོད། ངས་མི་རྣམས་ཀྱིས་དོན་འདི་ཤེས་ཐབས་ལ་འབད་པ་བྱེད་ཀྱི་ཡོད། གཏམ་འདི་གླེང་ན་ང་རང་ཉིད་འདམ་ཉོག་འདི་ནང་ནས་ཐོན་རྒྱུར་ཕན་གྱི་འདུག གླེང་གཞི་བྲིས་ནས་དོན་ཆེན་གཉིས་སྒྲུབ་ཀྱི་ཡོད་དེ། གཅིག་ནི་ང་རང་འདམ་ཉོག་འདི་ནང་ནས་ཐོན་ཐབས་དང༌། གཉིས་ནས་མི་གང་མང་ཞིག་ནས་སངས་རྒྱས་ཀྱི་ཆོས་འདིའི་དོན་ངོ་མ་ཇི་ཡིན་ཤེས་ཐབས་དང་སྟོན་པ་ཤཀྱཱ་ཐུབ་པས་ཐེག་པ་གསུམ་གྱི་སྒོ་ནས་ཆོས་སྟོན་པའི་དགོངས་པ་ཇི་ཡིན་རྟོགས་ཐུབ་རེ་ཡིན།

ཨ་ཁུ་ལགས་ཀྱིས་ང་ཚོར་འཛམ་གླིང་ཞི་བདེ་དང་སེམས་ཅན་གྱི་བདེ་སྐྱིད་ཆེད་སྨོན་ལམ་གདབ་དགོས་པའི་སྐུལ་ལྕག་ནན་པོ་གནང་གི་འདུག ང་ཚོས་དེང་དུས་ཀྱི་ལག་རྩལ་སྐོར་ཤེས་ཀྱི་ཡོད་ཀྱང༌། ཁོང་ནི་མི་རབས་གོང་མའི་མི་ཡིན་ཅིང༌། དྲྭ་རྒྱའི་ལམ་ནས་འཛམ་གླིང་ནང་འཇིག་རྒུད་ཀྱི་གནས་ཚུལ་གཟིགས་སྟངས་མཁྱེན་གྱི་མེད་ལ་འཕྲུལ་རྩལ་བེད་སྤྱོད་གནང་གི་མེད་རུང༌། སྨོན་ལམ་རྒྱ་ཆེན་པོ་གདབ་དགོས་པ་ཁོང་གི་མངོན་ཤེས་ཀྱིས་མཁྱེན་གྱི་ཡོད་རེད། ཁོང་ནས་ང་ཚོར་སྔ་དྲོ། ཉིན་མོ། དགོང་དྲོ་བཅས་སུ་འཛམ་གླིང་ཞི་བདེའི་ཆེད་གསོལ་བ་སྨོན་ལམ་གདབ་དགོས་སྐུལ་ལྕག་གནང་དོན་བཞིན་ང་ཚོས་ཀྱང་སྒོ་དུ་མ་ནས་དེ་བཞིན་ཞུས་པ་ཡིན།

ངས་རྒྱུན་དུ་ནས་སྨོན་ལམ་ཇི་འདྲ་ཞིག་དང་ཇི་ལྟར་བཏབ་རུང་དེའི་རྒྱབ་བརྟེན་དུ་བྱ་བ་བཟང་པོ་ཞིག་བསྒྲུབ་དགོས་པའི་ནན་བཤད་བྱེད་ཀྱི་ཡོད། དེ་མིན་ང་ཚོའི་སྨོན་ལམ་དེ་འགྲུབ་ཐབས་མེད་པའི་ཁར། མི་བཟོས་འཇིག་རྒུད་མུ་མཐུད་གང་སར་ཡོང་རྒྱུ་ཡིན་པ་ནི་གསར་ཤོག་ཁག་གི་གནས་ཚུལ་ནས་ཤེས་ཐུབ། ང་ཚོས་སྤྱང་གྲུང་འཛོམས་པོས་འདི་ཚོ་རང་བྱུང་འཇིག་རྒུད་རེད་ཅེས་ཟེར་གྱི་ཡོད་རུང༌། དོན་ངོ་མར་གནོད་འཚེ་འདི་ཐམས་ཅད་མིས་བཟོས་པ་ཞིག་རེད། རང་བྱུང་ཁམས་ལ་སྙད་འདོགས་བྱེད་རྒྱུའི་ཚབ་ཏུ་གནོད་འཇིག་འདི་ཀུན་མིས་བཟོས་པ་ཡིན་པ་ང་ཚོས་ཤེས་དགོས། ང་ཚོ་སྐྱེ་འགྲོ་མིའི་རིགས་གཡོ་ཅན་དང་འགན་སེམས་མེད་པ་འདི་འདྲ་བློ་ཕམ་འོས་པ་ཞིག་རེད།

འཕྲིན་ཡིག་འདི་ཀློག་པ་པོ་ཀུན་ལ་ངས་བྱམས་བརྩེ་ལག་ལེན་བསྟར་དགོས་པ་དང༌། བྱ་བ་བཟང་པོ་ཅི་ཞིག་བྱས་ནའང་ཀུན་སློང་ཡང་དག་པའི་སྒོ་ནས་བྱེད་རོགས་ཞེས་འབོད་བསྐུལ་ཞུ་རྒྱུ་ཡིན།

You are here: མདུན་ངོས། གསར་གནས། ༢༠༡༡ གསར་མཛོད། ཆོས་ཚོང་བསྒྱུར་ཆེད་མིན།