༢༠༡༡ གསར་མཛོད།

མི་ཚེ་བཟང་ངན་རང་གི་གདམ་ཀ་རེད།

༄༅། །མི་རྟག་པ་ཡིན་པས་བཀའ་དབང་ཆེན་མོ་ཡང་བསྒྲུབས་ཀྱི་འདུག ཕྱོགས་གཅིག་ནས་བལྟས་ན་འདི་ཡག་པོ་རེད། གང་ཡིན་ཟེར་ན་ཆོས་ཕྱོགས་ཀྱི་འདུ་ཚོགས་འདི་དོན་དང་ལྡན་པ་བྱུང་སོང༌། མི་ཚེའི་ནང་གི་བྱ་བ་གཅིག་བསྒྲུབས་པ་རེད། ཕྱོགས་གཞན་ཞིག་ནས་བལྟས་ན་ངའི་རྩ་བའི་བླ་མ་སྟེ། ངའི་ཨ་ཁུ་ལགས་དང༌། ཆོས་གྲོགས་རྣམས་དྲན་པས་ཡུལ་པོ་འདུག འདི་ནས་ང་ཚོ་ཚང་མ་རང་སོ་སོའི་ལམ་ཟིན་ནས་འགྲོ་དགོས་རེད། ང་ཚོ་ཚང་མར་སོ་སོའི་བསྐོས་ཐང༌། སོ་སོའི་མདུན་ལམ། སོ་སོའི་སྒེར་གྱི་མི་ཚེ་ཡོད་རེད། ཚང་མ་མཉམ་དུ་སྡོད་འདོད་ཀྱང་འདམ་ག་ཡོད་མ་རེད། འདི་ནི་འཁོར་བའི་ཆོས་ཉིད་རེད།

འདིར་ངས་དགའ་པོའི་ངང་བརྗོད་རྒྱུ་ཞིག་ལ། ངའི་ཧོང་ཀོང་ཆོས་ཚོགས་ཁོངས་མི་ཁག་ཅིག་བཀའ་དབང་འགོ་བཙུགས་དུས་དང་བཀའ་དབང་མཇུག་བསྒྲིལ་བའི་ཉིན་བཅས་བདུན་ཕྲག་གཅིག་ནང་ལན་གྲངས་གཉིས་འདིར་བསླེབས་བྱུང༌། ལས་ཁུངས་བཞག་ནས་ཡོང་རྒྱུ་ཞེད་ཡོད་རུང་ཁོང་ཚོ་མང་པོ་ཞིག་ནི་འགོ་དཔོན་གྱིས་ཧ་མ་གོ་བྱས་ཏེ་རང་གི་ལས་ཀ་བོར་ནས་འདིར་ཡོང་རྒྱུའི་འབད་བརྩོན་བྱས་འདུག འདི་ནི་ཁོང་རང་ཚོའི་བསོད་དེ་རེད།

ནམ་རྒྱུན་ནས་ངས་ཧོང་ཀོང་ཆོས་ཚོགས་ཁོངས་མི་དང༌། གྲོགས་པོ། མཆེད་གྲོགས་ཕོ་མོ་རྣམ་པར་ཡིད་ཆེས་བརྟན་པོ་ཡོད། ཁོང་ཚོས་གོ་སྐབས་ཤིནྟུ་དཀོན་ལ་རྩ་ཆེན་འདི་འདྲ་ཞིག་ལ་ཡོང་སྟེ་ཆོས་ཕྱོགས་ལ་དད་འདུན་ཆེན་པོ་ཡོད་པ་སླར་ཡང་མངོན་པར་བྱས་པ་རེད། བདེན་འཛིན་བྱེད་དམ་མི་བྱེད། ཧོང་ཀོང་མ་ཡིན་པའི་ངའི་ཕྱི་རྒྱལ་ཆོས་ཚོགས་ཁག་གཞན་ནས་སུ་ཡང་བསླེབས་མི་འདུག འདིས་ཧོང་ཀོང་དུ་ཡོད་པའི་ངའི་སློབ་མའི་དངོས་འབྲེལ་དད་པ་མཚོན་པ་རེད། གཞན་ཚོས་ཀྱང་ཡོང་རྒྱུའི་འབད་པ་བྱེད་ཀྱི་ཡོད་རུང༌། ཕལ་ཆེ་བ་ཡོང་ཐུབ་ཀྱི་མེད་པ་རེད། ཡང་འགའ་ཞིག་གིས་ནི་ཡོང་རྒྱུའི་ཐབས་ཤེས་ཙམ་ཡང་བྱེད་ཀྱི་མེད། དེ་འདྲ་སོང་ཙང་ངས་ད་རེས་མི་ཚོགས་ནང་ཧོང་ཀོང་ནས་ཡིན་པའོ་ཆོས་ཞུ་བ་རྣམས་མཐོང་བར་རྗེས་སུ་ཡི་རང་ཡོད་ཅེས་བརྗོད་རྒྱུ་ལས་གཞན་ཟེར་རྒྱུ་གང་ཡང་མེད།

ངས་རྗེས་སུ་ཡི་རང་བྱས་པ་ནི་དོན་དག་ཆུང་ཆུང་རེད། གནད་འགག་ཆེ་བ་ནི་འདི་ལྟ་བུའི་བཀའ་དབང་རྩ་ཆེན་ཞུ་རྒྱུའི་གོ་སྐབས་ནི་ཤིནྟུ་དཀོན་པོ་ཡིན་ཅིང༌། མི་ཚེའི་ནང་གོ་སྐབས་ལན་གཅིག་རེད་ཟེར་ནའང་ཆོག་པ་རེད། འདི་ནི་ཐོབ་འོས་པ་ཞིག་རེད། མང་པོ་ཞིག་འདིར་ཡོང་མ་ཐུབ་པར་བློ་ཕམ་ཡོད། ཁོང་ཚོས་དེ་ལྟ་བུའི་བསོད་ནམས་ཆེན་པོ་ཞིག་བསགས་མེད་པ་ཡིན་གྱི་རེད། ཁོང་ཚོས་མ་འོངས་པར་འདི་འདྲའི་གོ་སྐབས་མ་ཤོར་བ་ང་ཚོས་རེ་བ་དང་སྨོན་ལམ་གདབ་དགོས་ཀྱི་རེད།

མི་འགའ་ཞིག་གིས་ང་ལ། འདི་རྐྱེན་མཚམས་ལ་བྱུང་བ་ཞིག་ཡིན་ཅིང༌། ལས་ཀ་འདི་དང་འདི་བྱེད་དགོས་ཡོད་པས་ཡོང་ཐུབ་ཐབས་མི་འདུག་ཅེས་བརྗོད་ཀྱི་འདུག དབང་དང་བཀའ་ཆོས་ཚད་ལྡན་ཞུ་རྒྱུར་ཐུག་དུས་ང་ཚོས་ཁག་འདོགས་འདྲ་མིན་མང་པོ་བྱེད་ཀྱི་རེད། འོན་ཀྱང་དགུང་སེང་ལ་འགྲོ་རྒྱུ་དང༌། གྲོགས་རོགས་ཐུག་རྒྱུ། སྤྲོ་སེང་གཏོང་རྒྱུ་སོགས་བྱེད་དགོས་ན་རྐྱེན་མཚམས་ལ་ཐུག་མིན་གྱི་སྐད་ཆ་མེད་པར་ང་ཚོས་འཛུམ་དམུལ་བཞིན་དགའ་སྤྲོའི་ངང་བྱེད་ཀྱི་རེད། རང་ལ་དོན་དམ་པའི་ཕན་ཐོག་དང་བདེ་སྐྱིད་བསྒྲུབ་ཐབས་ལ་ཐུག་དུས་རྐྱེན་མཚམས་ཟེར་བ་དང༌། ལས་འཆར་མ་འགྲིག་པ་ཟེར་བ་སོགས་སྙད་འདོགས་འདྲ་མིན་བྱས་ཏེ་རང་གི་མདུན་ལམ་བཀག་གི་རེད། གཞན་དོན་ལྟ་ཕར་ཞོག་རང་དོན་ཡང་འགྲུབ་ཐབས་ཡོད་མ་རེད།

ང་ཚོས་རྒྱུན་དུ་མི་ལུས་ལེན་རྒྱུ་ཤིན་ཏུ་ཁག་པོ་རེད་བརྗོད་ཀྱི་ཡོད་ན་གོ་སྐབས་འདི་འདྲ་ཅི་ཕྱིར་ཤོར་འཇུག་དགོས་སམ། རྣན་ཀུན་ནས་ངས་གྲོགས་པོ་དང་སློབ་མ་ཚོར་གོ་སྐབས་ཐོབ་ཚད་བླངས་དགོས་པ་ལས་ཁག་འདོགས་འདྲ་མིན་གྱིས་གོ་སྐབས་བརླག་འཇུག་རྒྱུ་ཡོད་མ་རེད་ཅེས་སློབ་སྟོན་བྱེད་ཀྱི་ཡོད། འཛམ་གླིང་འདིའི་ནང་ང་རང་ཚུད་པའི་མི་མང་པོ་ཞིག་ནི་གོ་སྐབས་བཟང་པོ་རང་གི་མགོ་ཐོག་ཏུ་བབས་ཀྱང་ལེན་ཐུབ་ཀྱི་མེད་ཅིང༌། སྙིང་པོ་མེད་པའི་བྱ་བར་མགོ་འཁོར་ནས་ལུས་ཀྱི་ཡོད་རེད། ཧོང་ཀོང་ཆོས་ཚོགས་ཁོངས་མི་འཕྲིན་ཡིག་འདི་ཀློག་མཁན་ཚོར། ཁྱེད་ཚོས་རང་གི་ལས་ཀ་དང༌། ཚོང༌། ཁྱིམ་ཚང་བཅས་ཀྱི་བྲེལ་ཟིང་དེ་འདྲའི་ངང་བློ་ཐག་ཆོད་པོས་བཀའ་དབང་ཞུ་བར་ཡོང་བར་ངས་རྗེས་སུ་ཡི་རང་ཡོད་ཅེས་བརྗོད་རྒྱུ་ཡིན།

སྐྱིད་པོ་ཡོད་རུང༌། སྡུག་པོ་ཡོད་རུང༌། མི་ཚེ་བཟང་པོ་སྐྱེལ་དང་ངན་པ་སྐྱེལ་རང་ལ་གདམ་ཁ་ཡོད་རེད། མི་ཚེའི་ནང་སྡུག་པོ་བྱུང་དུས་དང་ལམ་ལྷོང་མ་བྱུང་དུས་གཞན་ལ་ཁག་འདོགས་བྱེད་མི་རུང༌། ང་ཚོའི་སྡུག་བསྔལ་དང་དོན་གོ་མི་ཆོད་པའི་རྒྱུ་རྐྱེན་གཙོ་བོ་ནི། རང་གི་བློ་ཁ་འགྱུར་འགུགས་མེད་པ་དང༌། བཟོད་བདེའི་གནས་སྟངས་ཀྱི་ཕྱི་རོལ་དུ་དོན་མི་ནུས་པ། ཁག་འདོགས་འདྲ་མིན་བྱེད་རྒྱུའི་གཤིས་ངན་བཅས་ཡིན། ངའི་རེ་འདོད་ནི་ང་དང་འབྲེལ་ཡོད་རྣམས་དོན་མེད་ཀྱི་ལྟ་ཚུལ་འདི་ཚོ་ལས་གྲོལ་ཏེ་རང་དབང་ལྡན་པ་ཞིག་ཡོང་ཐབས་བྱེད་རྒྱུ་དེ་ཡིན། རང་ཉིད་སྐྱིད་པོ་མེད་པར་གཞན་སྐྱིད་པོ་བཟོ་ཐུབ་ཐབས་མེད། རང་སྐྱིད་དང་མ་སྐྱིད་ནི་རང་ལ་རག་ལུས་པ་ཡིན། རང་ཉིད་རང་གི་དཔོན་ཡིན་ནོ།

ད་ལམ་འདྲ་པར་རིགས་གང་ཡང་སྟོན་རྒྱུ་མེད་པས་དགོགས་སེལ་ཞུ་རྒྱུ་དང༌། མ་འོངས་པར་ངའི་ལས་ཁུང་དུ་འདྲ་པར་གློག་འཕྲིན་བརྒྱུད་གཏོང་མཁན་བྱུང་ན་འདིར་འཇུག་རྒྱུ་ཡིན། ད་ལྟ་ང་རང་བཀའ་དབང་ཞུ་རྒྱུ་དང་སྒོམ་ཉམས་ལེན་བྱེད་རྒྱུ་བཅས་བྲེལ་བའི་ངང་ཡོད་སྟབས་པར་པ་དང་པར་ཆས་གྲ་སྒྲིག་བྱེད་ལོང་མི་འདུག་ཅིང༌། ཐ་ན་ངའི་ལག་འཁྱེར་ཁ་པར་གང་དུ་བཞག་ཡོད་ཤོད་རྒྱུ་མི་འདུག འོན་ཀྱང་ད་ཆ་ང་རང་དུས་ཚོད་རླབས་ཆེན་ཞིག་སྤྱོད་བཞིན་ཡོད་པ་ཤེས་འཚོར་ཐུབ་ཀྱི་འདུག་གོ

You are here: མདུན་ངོས། གསར་གནས། ༢༠༡༡ གསར་མཛོད། མི་ཚེ་བཟང་ངན་རང་གི་གདམ་ཀ་རེད།