༢༠༡༡ གསར་མཛོད།

ང་ནང་པ་མིན་ན།

༄༅། །ཉེ་ཆར་ང་ཧོང་ཀོང་དུ་གྲོགས་པོ་གསར་སྙིང་ཚོ་མཉམ་དུ་ལྷོད་དལ་བྱུང་བས་སྐྱིད་པོ་བྱུང༌། ཁོང་ཚོའི་རོལ་ཆ་རུ་ཁག་གི་མིང་ལ་ཝིན་ནར་ཟེར་ཅིང༌། ཁ་ཅིག་གིས་ཁོང་ཚོར་ཨེ་ཤི་ཡའི་བཱི་ཊལ་སེ་ཞེས་འབོད་པས་སྙན་གྲགས་ཆེན་པོ་རེད་ཟེར་གྱི་འདུག རོལ་དབྱངས་ཧ་ཅང་སྙན་ཞིང་འཇེབས་པས། ཆོས་དང་རིག་གཞུང་གོམས་སྲོལ་བཅས་ལས་བརྒལ་བ་ཞིག་རེད། ངས་མཆན་ཡིག་ཡག་པོ་འདོན་ཤེས་ཀྱི་མེད་རུང༌། མཆན་ཡིག་དེར་ཆོས་ལུགས་ཞེས་པ་ཡོད་མ་རེད་ཟེར་འདུག་པས་འདིས་ངེད་རང་གི་ལྟ་བ་དྲན་གསོ་བྱས་བྱུང༌། ང་རང་རོལ་དབྱངས་ལ་དགའ་པོ་ཡིན་ཅིང༌། རྨོང་ཆོས་དང་འབྲེལ་བ་མེད་པ་གང་ཡིན་ལ་ཐད་པོ་བྱེད་ཀྱི་ཡོད། སེམས་རྒྱུད་དང་འབྲེལ་བ་མེད་པའི་ཆོས་ལུགས་གང་ཡིན་རུང་ཉེན་ཁ་ཆེན་པོ་དུག་ལྟར་ཡིན། སེམས་རྒྱུད་ནི་གཙོ་བོ་ཡིན་ཅིང་ཆོས་ལུགས་ཞེས་པ་དེ་ནི་ཐུམ་ཤོག་ལྟ་བུ་རེད་ཅེས་ངས་རྒྱུན་དུ་ཤོད་ཀྱི་ཡོད།

ངའི་གྲོགས་པོ་ཀེན་ནི་བྷི་དང་མཉམ་དུ་ཁོ་རང་གི་སྐྱེས་སྐར་སྲུང་རྒྱུ་བྱུང་བས་དགའ་པོ་བྱུང༌། ངོས་གཉིས་ལས་འབྲེལ་ཡོད་པ་ཞིག་ཡིན་པས་དུས་སྐབས་དེ་དམིགས་བསལ་ཞིག་བྱུང༌། ཁོས་ང་ལ་ཨེ་ལན་དང་ཁོ་རང་གི་གྲོགས་པོ་གཞན་དག་ཚོ་ངོ་སྤྲོད་བྱས་བྱུང༌། ཁོང་ཚོ་ཁོ་རང་ཚོའི་རོལ་དབྱངས་དང་མཉམ་དུ་འཚར་ལོང་བྱུང་བ་ཞིག་རེད་འདུག ཁོང་ཚོ་མི་ལོ་ ༣༨ རིང་ཕན་ཚུན་གྱི་འབྲེལ་བར་གཙིགས་མཐོང་དང་གུས་བཀུར་གྱིས་ཕན་ཚུན་བརྩེ་དུངས་ཆེན་པོ་ཡོད་པ་མཐོང་ནས་ཧ་ཅང་དགའ་པོ་བྱུང༌། ཕན་ཚུན་གུས་བཀུར་དང་བསམ་ཤེས་མེད་ན་འབྲེལ་བ་གང་ཞིག་ཡུན་གནས་ཐུབ་ཀྱི་མ་རེད། དེ་བཞིན་གུས་བཀུར་དང༌། བསམ་ཤེས། བཟང་ཕྱོགས་ཀྱི་བསམ་བློས་རང་རྒྱུད་ལ་ཞི་བདེ་ཡོང་བ་ཙམ་མ་ཟད་འཛམ་གླིང་ནང་ཞི་བདེ་བསྐྲུན་ཐུབ་ཀྱི་རེད།

ངས་ཐོལ་བྱུང་དུ། ང་ནང་པ་མིན་ན་ཆོག་ག ཞེས་བརྗོད་པ་ཡིན། འདི་གོ་ནས་མི་མང་པོ་ཞིག་ཧང་སང་མདོག་ཁ་པོ་རེད་ལ། མང་པོ་ཞིག་བློ་ཕམ་ཡོང་མདོག་ཁ་པོ་རེད། འོན་ཀྱང་ནང་པ་སངས་རྒྱས་ཀྱི་བསྟན་པ་ནི་རིག་པའི་གཞུང་ལུགས་ཤིག་ཡིན་པ་ལས་ཆོས་ལུགས་ཤིག་མིན་པས། ང་ལྟ་བུའི་ནང་པའི་བླ་མས་སེམས་རྒྱུད་འདུལ་བའི་ཐབས་ཤེས་བསླབ་དགོས་པ་ལས་ཆོས་ལུགས་རྨོངས་ཞེན་བསླབ་པའམ་རྒྱུད་སྐུལ་བྱེད་མི་རུང་བ་རེད། ང་ནང་པའི་བླ་མའི་ཆས་སུ་ཡོད་རུང༌། ནང་པའི་མིང་བྱང་སྒྲོག་རྒྱུ་གལ་འགངས་ཆེན་པོ་མ་རེད་བསམས་ཀྱིས། གང་ལགས་ཤེ་ན། ང་ནང་པ་ཡིན་ཅེས་ཨུ་ཚུགས་བྱས་ན་ནང་པ་མིན་མཁན་དང་འགལ་ཟླ་ཆེ་རུ་གཏོང་བ་དང༌། དོན་མེད་ཀྱི་དབྱེ་བ་དང༌། འགྲན་སེམས། ཕྲག་དོག་བཅས་སྤེལ་བ་དང༌། ཕན་ཚུན་གུས་བཀུར་བྱེད་རྒྱུ་ཁག་ཏུ་འགྲོ་གི་རེད། རྒྱལ་ཁབ་ནང་ཁུལ་དམག་འཁྲུག་ཡོང་བ་དང་གྲོགས་པོ་དགྲ་རུ་གྱུར་བའི་རྒྱུ་མཚན་ཡང་དེ་ཡིན།

གུས་བཀུར་ནི་གལ་ཆེན་པོ་རེད། གུས་བཀུར་ལས་རྗེས་སུ་ཡི་རངས་འབྱུང་བ་རེད། སྣང་ཚུལ་ཐ་དད་དང་བསམ་ཚུལ་ཐ་དད་ལ་བརྩི་བཀུར་བྱེད་རྒྱུ་ནི་བཟང་ཕྱོགས་ཀྱི་བློའི་འཁྱེར་བཟོ་ཞིག་རེད། བརྩི་བཀུར་མེད་ན་རྗེས་སུ་ཡི་རངས་ཡོང་ཐབས་མེད། ངས་ངའི་གྲོགས་པོ་ཚོར་འདི་འདྲ་ལབ་པ་ཡིན་པས་ཁོང་ཚོ་དགའ་པོ་བྱུང་སོང༌། འདི་ནི་ཁོང་ཚོ་ཆོས་ཀྱི་དངོས་ཡོད་གནས་སྟངས་དང་མི་ཚེའི་དངོས་གནས་སྟངས་ཤེས་རྟོགས་ཆེད་བློ་གུ་ཡངས་པོ་ཡོད་པ་མངོན་པ་རེད་ན། ཁོང་ཚོ་ལམ་ལྷོང་ལྡན་པ་དང་སྐྱིད་མདོག་ཁ་པོ་འདུག་པ་ཡ་མཚན་རྒྱུ་མིན་འདུག ཁ་ཅིག་ནི་སྐྱིད་པོ་ཡོད་ཁུལ་བྱས་པའང་ཡིན་སྲིད། སེམས་གུ་ཡངས་པོ་ཡོད་ན་གོ་ཤེས་ཀྱི་ནུས་པ་ཆེན་པོ་ཡོང་གི་རེད། ཆོས་ལུགས་རྨོངས་ཞེན་གྱི་ལྟ་བ་མང་པོ་ཡོད་ན་ཤེས་བྱ་བསྡུ་ལེན་གྱི་ནུས་པ་ཡོང་གི་མ་རེད། གང་ལྟར་ཡང༌། དེ་ནུབ་ཀེན་ནི་དང༌། ཁོང་གི་གྲོགས་པ་དང་ནང་མི་རྣམས་ངའི་གཏམ་འཆལ་ལ་བློ་གུ་ཡངས་པོས་ཉན་སོང༌།

ངའི་གོ་རྟོགས་ལ། སེམས་རྒྱུད་དང་འབྲེལ་བ་མེད་པའམ། སེམས་གཙོའི་ཤེས་རྟོགས་མེད་ན་ཆོས་ལུགས་ཀྱིས་བྱས་ཆོག་དང་མ་ཆོག་མང་པོ་བསྟན་པ་དང༌། སེམས་གཙོ་སྨྲ་བས་ནི་ནམ་མཁའ་ལྟར་མཐའ་མེད་པར་སྟོན་པ་རེད། ཆོས་ཉམས་ལེན་བྱེད་ཀྱི་འདུག་གམ་སེམས་གཙོ་ཉམས་ལེན་བྱེད་འདུག་རང་གི་བློའི་འཁྱེར་བཟོ་ལ་ལྟས་ན་ཧ་གོ་གི་རེད། མི་ཁ་ཅིག་ནི་མི་ཚེའི་ནང་ལས་ཀ་གང་ཞིག་བྱས་རུང་བཟང་ཕྱོགས་ཀྱི་བློ་དང་ལྡན་པ་ཡིན་པས་གང་སར་བཟང་ཕྱོགས་ཀྱི་ཁོར་ཡུག་ཞིག་བསྐྲུན་པ་དང༌། ཡང་ཁ་ཅིག་ནི་དགག་ཆའི་བློ་ཅན་ཡིན་པས།ལས་འགོ་རང་གིས་བརྩམས་རུང༌། གང་ཡང་བྱེད་མི་རུང་བ་དང་མི་ནུས་པར་སེམས་ཀྱི་ཡོད། ཡང་ཁ་ཅིག་གིས། གཞན་ཚོས་མ་བྱས་པར་ང་ཚོས་བྱེད་དགོས་གང་ཡིན་སེམས་པ་དང༌། ཡང་ན་འགན་འཁྲི་གཞན་ལ་བཀལ་བ་རེད། འདི་ལྟར་བྱས་ན་ཆོས་འཇིག་རྟེན་གཉིས་ཀའི་ཆ་ནསུ་ར་རྒྱས་གང་ཡག་ཡོང་གི་མ་རེད། ཉམས་མྱོང་ནི་རང་གི་ཤེས་རྟོགས་དང་ཉམས་ལེན་གྱི་སྒོ་ནས་ཡོང་བ་ལས་གཞན་གྱི་ཉམས་མྱོང་ནས་ཡོང་བ་མིན། དཔེར་ན། ཁྱེད་རང་གྲོད་པ་ལྟོགས་ཀྱི་ཡོད་ན་ཁྱོད་ཀྱི་ཟ་མ་བཟའ་དགོས་པ་ལས། ངས་ཟས་ན་ཁྱེད་རང་གྲོད་པ་ཁེངས་ཀྱི་མ་རེད། དེ་བཞིན་ང་ལྟོགས་ཀྱི་ཡོད་ན་ལྟོ་ངས་བཟའ་དགོས་པ་ལས་ཁྱེད་ཀྱི་བཟས་ན་ང་དུང་ལྟོགས་པར་ལུས་རྒྱུ་ཡིན་པས་མ་འགྲིག

ང་ཚོའི་འབྱུང་འཆར་ཨེ་ཤི་ཡའི་མཛད་འཆར་ལ་བི་ཏི་ནམ་འབྲུག་པའི་ཆོས་ཚོགས་ནས་ངོས་ལེན་གང་ཟབ་བྱུང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གནས་ཚུལ་ཐོས་འཕྲལ་དགའ་དད་ངང་ངོས་ལེན་བྱུང་ཞིང༌། ཁོང་ཚོས་མི་ནུས་པ་གང་ཡང་མེད་པ་ལྟ་བུ་རེད་འདུག ཚོགས་པ་དང་མི་སྒེར་མི་འདྲ་བའི་ཕྱོགས་ནས་ཚུར་སྣང་མི་འདྲ་བ་ཡོང་འདུག ཁ་ཅིག་ནི་ཀུན་སློང་ཡང་དག་དང་ལྡན་ཅིང་ཧུར་སེམས་ཆེན་པོ་འདུག་པས། འཕྲལ་ཕུགས་གཉིས་ཀར་ཁོང་ཚོ་ཡག་པོ་ཡོང་ངེས་ཡིན། ཁ་ཅིག་ནི་སྐྱོན་བརྗོད་དང་དགག་ཆ་བྱེད་འདུག་པས། འདིས་ནི་ཁོང་ཚོ་གཟབ་གཟབ་བྱེད་ཀྱི་མེད་པ་མཚོན་གྱི་མེད་ཀྱང༌། གོམ་པ་མདུན་སྤོས་བྱ་འདོད་མེད་པ་མཚོན་གྱི་ཡོད། འདི་ལ་དོ་སྣང་དང་བརྟགས་དཔྱད་བྱས་ཏེ་དག་བཅོས་བྱེད་གལ་ཆེ། ཆོས་བསྒྲུབ་སྐབས་འགོག་རྐྱེན་མང་པོ་གདོང་ལེན་བྱེད་དགོས་པ་དང༌། བློ་གུ་ཡངས་པོ་དང་བློ་སྤོབས་འཕེལ་བ་ཡོད་ན་ལམ་ལྷོང་ཡོང་རྒྱུ་དང༌། དེ་ལྟར་མེད་ན་འགོ་མ་བཙུགས་གོང་ནས་ཕམ་ཉེས་འབྱུང་བ་རེད། དེ་འདྲ་སོང་ཙང༌། དྭོགས་པ་དང་ཐེ་ཚོམ་གྱི་རི་བོ་མ་བརྩིག་པར་ལས་ལ་འབུངས་དགོས། དགེ་ཕན་མེད་པའི་སྐད་ཆ་ཤོད་མཁན་དང་འགོག་རྐྱེན་བཟོ་མཁན་གྱི་ཁ་ལ་ཉན་རྒྱུ་མེད་པ་རེད། གང་ཡིན་ཟེར་ན། འདི་ཚོས་ཆོས་བསྒྲུབ་པར་བར་ཆད་ཀྱི་རི་བོ་བརྩིགས་ཏེ་གདམས་ངག་གི་བྱིན་བརླབ་ཞུ་རྒྱུའི་གོ་སྐབས་དང་རྣམདཀར་གྱི་ལམ་ལ་ཞུགས་རྒྱུར་དགག་ཆ་བྱེད་ཀྱི་ཡོད་ཅིང༌། ལྷག་པར་དུ་གཞན་ཕན་གྱི་བྱ་བར་འགོག་རྐྱེན་ནི་ནམ་ཡང་བྱེད་མི་རུང༌།

ད་ལམ་འདི་ཙམ་ཡིན། གཟིམས་འཇགས་གནང་རོགས།།