༢༠༡༡ གསར་མཛོད།

རྨོངས་དད་དང་བདེན་པ།

༄༅། །ཆོས་ཀྱི་རྒྱལ་པོ་གསོན་བཞུགས་མཐའ་མའི་གྲལ་ཞིག་ཏེ། ལ་དྭགས་ཆོས་རྒྱལ་འཕྲིན་ལས་རྣམ་རྒྱལ་མཆོག་བདུན་ཕྲག་འགའ་ཤས་གོང་སྐུ་གཤེགས་འདུག སྔོན་དུ་བརྗོད་པ་བཞིན་ཁོང་དང་ཁོང་གི་རྒྱུད་པ་ཡང་དག་རྣམས་ནི་བྱང་ཆུབ་སེམས་དཔའི་རྣམ་སྤྲུལ་ཡིན་པར་གུ་རུ་རིན་པོ་ཆེས་ལུང་བསྟན་ཡོད། ལ་དྭགས་ཆོས་རྒྱལ་རྣམས་ནི། རྒྱལ་བ་ཀུན་གྱི་ཡེ་ཤེས་ཀྱི་རང་གཟུགས་འཇམ་དཔལ་དབྱངས་ཀྱི་རྣམ་སྤྲུལ་ཆོས་རྒྱལ་ཁྲི་སྲོང་སྡེའུ་བཙན་གྱི་གདུང་རྒྱུད་འཁྲུལ་མེད་འཕགས་པ་སྤྱན་རས་གཟིགས་ཀྱིས་བྱིན་གྱིས་བརླབ་པ་ཤ་སྟག་ཡིན། སྐུ་པུར་ཞུགས་འབུལ་སྐབས་དབུ་ཐོད་མ་ཚིགས་ལུས་ཐོག་མཎི་རང་བྱོན་ཕེབས་ཡོད་ལུགས་ཤོད་མཁན་བྱུང༌། ངས་རྫུ་འཕྲུལ་འདི་དག་དངོས་སུ་མ་མཇལ་ཡང་ཧ་ལས་ཀྱི་མི་འདུག

མི་ཁ་ཅིག་གིས་འདི་ནི་རྨོངས་དད་ཡིན་པར་སེམས་ཤིང༌། ང་ཚོ་རྨོངས་དད་ཁྱབ་སྤེལ་བྱེད་མཁན་སེམས་འཚོ་མ་ཟིན་ཁ་ཅིག་ཡིན་པར་བསམས་ཀྱི་ཡོད་འདུག མི་འདི་དག་གིས་མངོན་ཤེས་ཤོད་རྒྱུ་དང༌། ལུང་བསྟན་བྱ་རྒྱུ། ནམ་མཁར་འཕུར་རྒྱུ་སོགས་རང་གིས་བྱེད་ཐུབ་ཀྱི་མེད་པར་བརྟེན་འདི་ཀུན་རྒྱུ་མཚན་ཁུངས་ལུང་མེད་པར་བརྩི་གི་ཡོད། ངས་འདི་རྣམས་རྨོངས་དད་མིན་ཅིང་ང་ཚོར་ཡེ་ནས་ཡོད་པའི་ནུས་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཅིང༌། འདི་རིགས་ཀུན་༼རྨོངས་དད་༽ཀྱི་ཁོངས་སུ་འཇོག་པ་དང༌། རང་གི་མིག་གིས་མཐོང་རྒྱུ་ཡོད་པ་དང་ར་སྤྲོད་ཐུབ་པ་རྣམས་༼བདེན་པའི་༽ཁོངས་སུ་འཇོག་གིཡོད།

ཉེ་ཆར་གྲོགས་པོ་ཞིག་གིས་ང་ལ། གལ་ཏེ་གླིང་གཞན་ན་སེམས་ཅན་ཡོད་པ་ཡིན་ན་སངས་རྒྱས་ཡོད་དམ་ཞེས་དྲིས་བྱུང༌། ངས་རྒྱུན་དུ་བརྗོད་པ་བཞིན་སངས་རྒྱས་ཞེས་པ་ནི་ཡང་དག་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པའི་སྐྱེས་བུ་ལ་ཟེར་ཞིང༌། སངས་རྒྱས་ཀྱི་གོ་འཕང་ཞེས་པ་ནི་ཡང་དག་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པའི་གནས་ལུགས་ཤིག་ཡིན། འཛམ་གླིང་འདི་ནས་ཡིན་རུང་གཞན་ནས་ཡིན་རུང༌། སེམས་ཅན་ཀུན་གྱི་རྒྱུད་ལ་འཚང་རྒྱ་བའི་ནུས་པ་ཡོད། དེས་ན་གླིང་འདི་ལས་བརྒལ་བའི་སེམས་ཅན་ལའང་འཚང་རྒྱ་བའི་ནུས་པ་ཡོད་ཅིང༌། འབུ་གྲོག་མ་ལའང་འཚང་རྒྱ་བའི་ནུས་པ་ཡོད། དེ་འདྲ་སོང་ཙང་ངས་ཉིན་ཤས་གོང༌། ང་ནང་པ་མིན་ན་ཆོག་ག་ཞེས་སྨྲས་པ་ཡིན། རང་གིས་རང་ལ་མིང་བྱང་དགར་པ་འདི་ལ་བརྟེན་ང་ཚོས་ནང་པ་མ་གཏོགས་གཞན་དག་གིས་སངས་རྒྱས་ཀྱི་གོ་འཕང་ཐོབ་མི་ནུས་པར་སེམས་ཀྱི་ཡོད། བཅོམ་ལྡན་འདས་ནང་པ་ཡིན་པ་ལ་བརྟེན་ནས་་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཞིག་མིན་ཅིང༌། ཁོང་གིས་བདེན་པ་རྟོགས་ནས་སངས་རྒྱས་པ་ཞིག་ཡིན། སངས་རྒྱས་ཞེས་པ་འདི་ནི་ཆོས་ལུགས་དང་འཇིག་རྟེན་འདིའི་ཤེས་བྱ་ལས་བརྒལ་བ་ཞིག་ཡིན། རྒྱུ་མཚན་འདི་ལ་བརྟེན་ནས་ངས་ང་ནང་པ་མིན་ན་ཆོག་ག་ཞེས་བརྗོད་པ་ཡིན། གང་ཡིན་ཟེར་ན། ནང་པ་ཞེས་པའི་ཐ་སྙད་འདིས་ང་སུ་ཡིན་དང་མི་གཞན་གྱིས་ང་སུ་ཡིན་བསམ་པའི་རྒྱ་ལས་སྒྲོལ་རྒྱུར་འགོག་རྐྱེན་བཟོ་གི་ཡོད། ངའི་ལས་ཁུངས་སུ༌། ངས་ནང་ཆོས་བློས་བཏང་འདུག་ཟེར་བ་དང༌། ངའི་དྲྭ་རྒྱའི་ཐོག་ཆོ་མེད་འབྲི་རྒྱུ་མཚམས་འཇོག་བྱེད་དགོས་ཟེར་བ་སོགས་འཕྲིན་ཡིག་ཁྱད་མཚར་དེ་འདྲ་འབྱོར་གྱི་འདུག འོ་ན་ངས་བསྟན་བཅོས་ཀྱི་སྐོར་འབྲི་དགོས་སམ་བསྟན་བཅོས་བརྩམ་དགོས་སམ། མ་གཞི་ནས་འདི་ངའི་དྲྭ་རྒྱ་ཡིན་པས་ངའི་བསམ་ཚུལ་རྣམས་གཞན་དང་བརྗེ་རེས་བྱད་པའི་དབང་ཆ་ང་ལ་སྤྲོད་དགོས།

ཐོག་མར་ཆོས་ཞེས་པ་དེ་གང་རེད། ཆོས་ཞེས་པ་ནི་སྣང་སྲིད་ཀུན་ཁྱབ་ཀྱི་བདེན་པ་ཡིན་ཅིང༌། དེ་ཡང་ནང་པ་གཅིག་པུར་བདག་པའི་བདེན་པ་མིན་པར་ཀུན་ལ་ཁྱབ་པའི་བདེན་པ་དེ་ཡིན། མི་རྣམས་ལ་ཆོས་ཞེས་པ་དེ་ནང་པའི་ཆོས་ཁོ་ན་ཡིན་བསམ་པའི་བདག་འཛིན་ཆེན་པོ་ཡོད་རུང༌། ངས་དེ་ནི་སྣང་སྲིད་ཀུན་ཁྱབ་ཀྱི་སེམས་གཙོའི་གྲུབ་མཐའ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེས་ན་དེ་སྐྱེ་འགྲོ་ཀུན་གྱིས་སྦྱང་པ་དང་ཉམས་ལེན་བྱེད་ཆོག་པ་ཞིག་ཡིན། མི་རྣམས་རྩོད་གླེང་དང་ཁོང་ཁྲོ་ཆེན་པོས་བགྲོ་གླེང་བྱེད་དགོས་དོན་ཡོད་དམ། ངའི་བསམ་པར་འདི་ནི་ང་ཚོས་རྒྱུན་དུ་ང་རང་ཚོ་གཞན་ལས་ལྷག་པ་དང༌། ང་ཚོ་བདེན་པ་དང་གཞན་ཚོ་ནོར་འཁྲུལ་ཡིན་པར་སེམས་ཀྱི་ཡོད་པས་རེད་བསམས་ཀྱིས།

ང་ཚོས་ནམ་རྒྱུན་གཞན་ལ་དཔྱད་པ་ཤ་སྟག་བྱས་ཏེ་རང་གིས་རང་ལ་དཔྱད་རྒྱུ་བརྗེད་ཀྱི་ཡོད་རེད། འདི་ནི་ཤིནྟུ་ནས་བློ་ཕམ་འོས་པ་ཞིག་རེད། གང་ཡིན་ཟེར་ན། འདིས་ང་ཚོར་ཆོས་ཕྱོགས་ཀྱི་གོ་བ་མེད་པ་དང་སེམས་ཅན་ཀུན་ལ་འཚང་རྒྱ་བའི་ཐོབ་ཐང་འདྲ་མཉམ་ཡོད་པའི་གོ་འཚོར་མེད་པ་མཚོན་གྱི་ཡོད། སྡུག་བསྔལ་དང༌། ཐར་པ། སེམས་རྒྱུད་འདུལ་རྒྱུར་ཕོ་མོ་དང་ཆོས་ལུགས་ཀྱི་མིང་བྱང་མེད། མིང་བྱང་དགར་ཏེ་ང་ཚོས་རང་གི་མི་ཚེ་ཁག་པོ་བཟོ་བ་མ་ཟད་ཤེས་རབའགོག་པའི་ཡོལ་བ་བཟོ་གི་ཡོད། ང་ཚོས་གོ་བ་ལོག་པའི་རི་བོ་བརྩིགས་ཏེ་སྣང་སྲིད་ཀུན་ཁྱབ་ཀྱི་བྱམས་པ་དང་བརྩེ་བ། སྙིང་རྗེ། ཤེས་རབ་བཅས་ཀྱི་བརྡ་གོ་མ་ནུས་པས་འཚང་རྒྱ་བའི་རེ་བ་མེད། ངས་སངས་རྒྱས་ཀྱི་བསྟན་པ་ནི་ཆོས་ལུགས་སམ་སངས་རྒྱས་ཀྱི་རིང་ལུགས་ཙམ་དུ་རྒྱས་བཅད་ན་མི་འགྲིག་པ་རེད་བསམས་ཀྱིས། ང་ཚོས་ཇི་སྲིད་རང་གཞན་ཚང་མར་མིང་བྱང་དགར་རྒྱུ་མཚམས་འཇོག་མ་བྱེད་བར་དང༌། གཞན་ལ་དཔྱད་པ་བྱེད་རྒྱུ་མཚམས་འཇོག་མ་བྱེད་བར་དང༌། རང་རྒྱུད་དཔྱད་པའི་མེ་ལོང་ཞིག་མ་འཚལ་བར་གོ་རྟོགས་ཡང་དག་ཞིག་ཡོང་གི་མ་རེད་ལ། གཞན་ལ་སྐྱོན་བརྗོད་བྱེད་ཅིང་རང་སྡུག་མྱོང་བཞིན་མི་ཚེ་འཕྲོག་བརླག་དང་དུས་ཚོད་ཆུས་ཟོས་འགྲོ་གི་རེད།

ང་ཚོ་ཚང་མ་བདེ་སྐྱིད་འདོད་པ་དང་སྡུག་བསྔལ་ལས་ཐར་འདོད་ཡོད་ཅིང༌། དེའི་ཐབས་ཤེས་གཅིག་པུ་ནི་བློ་མུན་སངས་རྒྱུ་དེ་རེད། སྟོན་པ་བཅོམ་ལྡན་འདས་ཀྱིས་ང་ཚོར་ལམ་བསྟན་ཡོད་པ་དང་ལམ་དེའི་ཐོག་ང་ཚོས་འགྲོ་དགོས་པ་རེད། ང་ནང་པ་མིན་ནའང་ཆོག་ག་ཟེར་དགོས་དོན་ནི། བཅོམ་ལྡན་འདས་ནི་སྣང་སྲིད་ཀྱི་བདེན་པ་རྟོགས་པའི་སངས་རྒྱས་ཡིན་པ་དང༌། ཁོང་ནང་པ་ཡིན་པ་ལ་བརྟེན་ནས་སངས་རྒྱས་པ་ཞིག་མ་རེད། ཁོང་ནི་བདེན་པའི་ལམ་བསྟན་མཁན་འཛམ་གླིང་ཡོངས་ཀྱི་སྟོན་པ་ཡིན། ང་ཡང་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་འདོད་ཅིང༌། དེ་འདོད་པ་ཡང་ཁོང་ནང་པ་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་མ་ཡིན་པ་དང༌། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལས་ནང་པ་ཁོ་ནའི་ཆེད་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཞིག་མ་ཡིན་པ་ལ་བརྟེན་ནས་ཡིན། ནང་པ་ཡིན་པར་རློམ་བཞིན་བྱམས་སྙིང་རྗེ་དང༌། ཤེས་རབ་སོགས་དང་བྲལ་བའི་བྱ་སྤྱོད་འདྲ་མིན་བྱེད་མཁན་དེ་ཚོའི་ཆེད་བདག་ཅག་གི་སྟོན་པ་སངས་རྒྱས་ཀྱི་ས་ལ་གཤེགས་པ་ཞིག་མིན། དེ་འདྲ་སོང་ཙང༌། ང་ནང་པ་མིན་ནའང་ཆོག་ག་བརྗོད་པ་ཡིན།

དེ་ཡང་མདོ་ལས། །གང་དག་ང་ལ་གཟུགས་སུ་མཐོང༌། །གང་དག་ང་ལ་སྒྲར་ཤེས་ན། །དེ་ཡིས་བདེན་པ་མཐོང་མི་འགྱུར། །ལོག་པའི་ལམ་དུ་ཞུགས་པ་ཡིན། །ཅེས་གསུངས་པས་ན། ངས་ཀྱང༌། །གང་དག་ནང་པར་ཞེན་འགྱུར་པ། །དེ་དག་ནང་པ་མ་ཡིན་ནོ། །ཞེས་བསྣན་པར་བྱའོ།།

ངས་ཁྱེད་ཚང་མ་གནས་སྐབས་བདེ་ཞིང་སྐྱིད་པ་དང༌། མཐར་ཐུག་ཡང་དག་པའི་བྱམས་བརྩེ་དང༌། གོ་རྟོགས། བརྩི་བཀུར། དགའ་བ། སྙིང་རྗེ། ཤེས་རབ་བཅས་ཀྱི་སྒོ་ནས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་སྨོན་ལམ་ཡོད།

You are here: མདུན་ངོས། གསར་གནས། ༢༠༡༡ གསར་མཛོད། རྨོངས་དད་དང་བདེན་པ།