༢༠༡༡ གསར་མཛོད།

ལོ་གསར་སྤྲོ་པོ་ཡོང་བའི་སྨོན་འདུན།

༄༅། །ཚང་མས་མཁྱེན་གསལ་ལྟར་ང་ནི་རང་གི་གྲོགས་པོའི་གནས་སུ་གློ་བུར་ཐོལ་རྒྱག་ཏུ་འགྲོ་རྒྱུར་དགའ་པོ་ཡོད་ཅིང༌། ༧སྐྱབས་རྗེ་ཀ་ལུ་རིན་པོ་ཆེ་དང་མཁན་རིན་པོ་ཆེ་རྣམ་གཉིས་ལྷན་དུ་མཇལ་ཐུབ་ན་སྙམ་ང་རྡོར་རྗེ་གླིང་རང་དགོན་དུ་འགྲོ་བའི་ལམ་ཞོར་མི་རིག་ཏུ་ཡོད་པའི་༧སྐྱབས་རྗེ་ཀ་ལུ་རིན་པོ་ཆེའི་དགོན་པར་འཁྱོག་ཙམ་བྱས་པ་ཡིན། ངའི་ཐོག་མའི་དམིགས་ཡུལ་ནི་མཁན་པོ་བློ་གྲོས་དོན་ཡོད་མཇལ་རྒྱུ་ཡིན་ཡང་ཁོང་རྒྱ་གར་ལྷོ་ཕྱོགས་སུ་ཕེབས་ཏེ་བཞུགས་མི་འདུག དེ་བཞིན་༧སྐྱབས་རྗེ་ཀ་ལུ་རིན་པོ་རྗེ་ཡང་ཕ་རན་སིར་ཕེབས་ཏེ་བཞུགས་མི་འདུག གང་ལྟར་ངོས་རང་དགོན་པ་མཇལ་བ་ཡིན་ཅིང༌། རིན་པོ་ཆེ་རྣམ་གཉིས་བཞུགས་མེད་ཀྱང་དངོས་མཇལ་ལྟ་བུའི་འཚོར་བ་བྱུང༌། ༧སྐྱབས་རྗེ་འབོ་དཀར་རིན་པོ་ཆེ་དམ་པའི་རླབས་ཆེན་དགོངས་པ་རྣམས་མཁན་རིན་པོ་ཆེ་ནས་སྒྲུབ་བཞིན་པ་མཐོང་ནས་དགའ་པོ་བྱུང༌།

དགོན་པའི་འཛིན་སྐྱོང་དང་འཛུགས་བསྐྲུན་སྤུས་ལེགས་འདུག་ཅིང༌། ང་ཚོ་མང་དག་ཞིག་ནས་དགོན་པ་འདི་མཇལ་ཏེ་གཞན་ཕན་བྱ་བའི་མིག་དཔེ་ལྟ་བུར་བརྩི་འོས་འདུག དགོན་པ་འཁྱུག་ཙམ་མཇལ་ཏེ་ང་རྡོར་གླིང་རང་དགོན་དུ་གནམ་གང་དང་ལོ་གསར་རྟེན་འབྲེལ་མཛད་སྒོ་བསྐྱང་ཕྱིར་བསྐྱོད་པ་ཡིན། ངས་ཐོག་མར་ཁྱེད་ཀུན་ལ་ལྕགས་ཡོས་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་ལ་འཚམས་འདྲི་ཞུ་རྒྱུ་ཡིན། ངས་ལོ་གསར་འཚམས་འདྲིའི་ཤིས་ཤོག་འདི་བཞིན་འབྲུག་པ་དཔེ་བསྐྲུན་ཁང་གི་དྲྭ་གནས་ནས་བླངས་པ་ཡིན་ཅིང༌། ཁྱེད་རྣམ་པས་རང་གི་དགའ་ཉེར་ཤིས་ཤོག་གཏོང་དགོས་ན་དྲྭ་གནས་དེར་རི་བོང་གི་རི་མོ་འདྲ་མིན་ཡོད་པའི་ཤིས་ཤོག་སྣ་ཚོགས་འདུག

ངས་གྲོགས་པོ་རྙིང་པ་མང་པོ་ཐུག་རྒྱུ་དང༌། དགེ་འདུན་པ་སྤྱི་དང་ལྷག་པར་དུ་ངལ་བ་ལྷུར་ལེན་བྱེད་མཁན་དགེ་འདུན་གཞོན་སྐྱེས་རྣམས་ཀྱི་འདོད་པ་སྐོང་རྒྱུ་ཡིན། ཁོང་ཚོ་མང་པོ་ཞིག་ངས་ཕྱི་ཟླ་ ༣ ཚེས་ ༡༨ ནས་ ༢༡ བར་བལ་ཡུལ་ཀཐ་མཎ་དྲུར་འཚོགས་རྒྱུའི་བཟང་སྤྱོད་འབུམ་གྱི་ཚོགས་པར་གདན་རྒྱུ་ཡིན། ངའི་བསམ་པར། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་གསོག་པའི་སྨོན་ལམ་འདི་ནི་དགེ་འདུན་ཕོ་མོ་གཉིས་ནས་གསུངས་དགོས་པ་དང༌། ལྷག་པར་དུ་ཀུན་སློང་ཡང་དག་དང་བླ་སློབ་དམ་ཚིག་གཙང་མ། བྱང་ཆུབ་ཀྱི་སེམས་འབྱོང་ཐབས་སུ་འབད་པ་བྱེད་བཞིན་པ་རྣམས་ནས་གསུངས་དགོས་ཀྱི་རེད་བསམ་གྱིས། འདི་ག་རྡོར་གླིང་དུ་ཡོད་པའི་དགོན་པ་དང་བལ་ཡུལ་དུ་ཡོད་པའི་འབྲུག་ཨ་མི་ཏ་བྷ་བཙུན་གཉིས་ཀྱི་ཧེ་བག་ནི་ཆགས་ཡུལ་ས་གནས་འགྱང་ཐག་ཙམ་ཡིན། གཞན་ཕན་གྱི་ཀུན་སློང་ཡང་དག་དང་སེམས་ཅན་ཀུནགྱི་བདེ་ཐབས་སུ་བསྔོ་བ་ཡིན་ན་ཧེ་བག་གང་ཡང་མེད། ཀུན་སློང་ཡང་དག་དགོས་པ་གལ་གནད་ཆེ་ཤོས་རེད། ངས་རྡོར་གླིང་རང་དགོན་ནས་དགེ་འདུན་པ་ཁག་ཅིག་བལ་ཡུལ་དུ་གདན་ཏེ་འབྲུག་ཨ་མི་ཏ་བྷའི་བཙུན་མ་དང༌། ངའི་གྲོགས་པོ་དང་སློབ་མ་བསོད་བདེ་ཅན་རྣམས་ལྷན་བལ་ཡུལ་གནས་ཆེན་འཕགས་པ་ཤིང་ཀུན་མཆོད་རྟེན་དྲུང་དུ་ཚོགས་གཉིས་རྫོགས་ཤིང་གཞན་དོན་རྣམ་མཁྱེན་གོ་འཕང་ཐོབ་ཕྱིར་བཟང་སྤྱོད་འབུམ་གསོག་རྒྱུ་ཡིན།

བཟང་སྤྱོད་འབུམ་བསག་པའི་དགེ་བ་རྣམས་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་གང་ན་སུ་བཞུགས་སྐུ་ཚེ་ཞབས་པད་བརྟན་ཕྱིར་བསྔོ་དགོས་པ་རེད། ངས་དགེ་བ་འདིའི་རྩ་བ་རང་གི་རྩ་བའི་བླ་མ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང༌། ༧སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ། ༧སྐྱབས་རྗེ་རྨོག་རྩ་རིན་པོ་ཆེ། ༧སྐྱབས་རྗེ་རྡོ་གྲུབ་ཆེན་རིན་པོ་ཆེ་དང༌། ལྷག་པར་དུ་ངའི་ཡབ་༧སྐྱབས་རྗེ་གཞི་ཆེན་བཻ་རོ་རིན་པོ་ཆེ་མཆོག་དང༌། གཞན་ཡང་སེམས་ཅན་གྱི་དོན་དུ་འཚོ་ཞིང་བཞེད་པའི་སྐྱེས་བུ་དམ་པ་རྣམས་སྐུ་ཚེ་ཞབས་པད་བརྟན་ཕྱིར་བསྔོ་རྒྱུ་ཡིན། ངས་ལག་གཉིས་ཐལ་མོ་སྦྱར་ཏེ་ཁོང་རྣམས་སྐུ་ཚེ་ཞབས་པད་བརྟན་པའི་སྨོན་ལམ་འདེབས་ཀྱི་ཡོད།

ངའི་བུ་སློབ་ཁམས་སྤྲུལ་རིན་པོ་ཆེ་དང་ཐུགས་སྲས་རིན་པོ་ཆེ་རྣམ་གཉིས་དོན་བརྒྱུད་དཔལ་ལྡན་འབྲུག་པའི་ལོ་འཁོར་ལྷན་འཛོམས་ཐེངས་གསུམ་པའི་གྲ་སྒྲིག་ཆེད་དང་བླང་བ་རྣམས་དང་གྲོས་མོལ་ཆེད་ལ་དྭགས་སུ་ཕེབས་པ་རེད། ཁོང་གཉིས་ལ་དྭགས་སུ་མ་ཕེབས་གོང་ང་ཚོ་མཇལ་འཕྲད་སྐབས་ངས་ཁོང་གཉིས་ལ་ལ་དྭགས་སུ་ཡུན་ཙམ་བཞུགས་ན་ཞུས་པར༌། ཁོང་གཉིས་ནས་ཉིན་གཉིས་ལྷག་བཞུགས་དགོས་མདོག་ཁ་པོ་མ་རེད་ཅེས་ཕྱི་ཟླ་ ༣ ཚེས་ ༡ ཉིན་ལ་དྭགས་སུ་ཕེབས་སོང༌། ཁོང་གཉིས་ལོ་གསར་རྡོར་གླིང་དུ་ང་མཉམ་གཏོང་འདོད་ཡོད་པ་རེད། འོན་ཀྱང་ད་ཆ་དེ་ལྟར་ཡོང་བཟོ་མི་འདུག གང་ཡིན་ཟེར་ན། ལ་དྭགས་སུ་ཁ་བ་བུ་ཡུག་གིས་རྐྱེན་པས་མཁའ་འགྲུལ་ཕྱིར་འཐེན་བྱས་ཡོད་པས་ཁ་སང་ཕེབས་མ་ཐུབ་པ་དང༌། དེ་རིང་ཡང་ཕེབས་ཐུབ་རེ་མེད་པ་འདྲ། ངས་ཀུ་རེའི་ཚུལ་དུ་ཁོང་གཉིས་ལ། ཁྱེད་གཉིས་ལ་དྭགས་སུ་སྐུ་ལྷོད་ཡོང་བ་དང་མི་མང་ལ་མཇལ་ཁ་ཐོབ་ཕྱིར་ངས་ལ་དྭགས་ཀྱི་ཡུལ་ལྷ་གཞི་བདག་རྣམས་ལ་གནམ་གཤིས་ཉན་པ་བསྟན་ནས་ལམ་བཀག་དགོས་ཀྱི་བསྐུལ་མ་བྱས་ཡོད་ཅེས་ཞུས་པ་ཡིན། སྟབས་ལེགས་པ་ཞིག་ལ་ཁོང་རྣམ་གཉིས་ལ་དྭགས་སུ་ངའི་སྙིང་ཉེ་བའི་གྲོགས་པོ་དང་སློབ་མ་མཉམ་ལོ་གསར་དཀར་སྐྱོང་ཞིག་གཏོང་རྒྱུ་བྱུང་བ་དང༌། སྟབས་མ་ལེགས་པ་ཞིག་ལ་ཁོང་གཉིས་ང་མཉམ་དུ་ལོ་གསར་གཏོང་རྒྱུ་མ་བྱུང་བ་རེད།

པར་རིགས་ཁག་རྗེས་སུ་བསྟན་ཆོག་པ། ངས་སྙིང་ཐག་པ་ནས་ཁྱེད་ཀུན་ལ་གནམ་ལོ་གསར་བཞད་ཀྱི་སྨོན་འདུན་ཞུ་རྒྱུ་དང༌། མིག་བཅོས་ཀྱི་སྨན་སྦྱིན་དང༌། ངའི་སྐྱེས་སྐར། བཟང་སྤྱོད་འབུམ་གསོག་བཅས་ལ་ཡོང་མཁན་གྲོགས་པོ་དང་སློབ་མ་རྣམས་ལ་མགྱོགས་པོ་མཇལ་ཡོང་བཅས་ཞུ་རྒྱུ་ཡིན།

You are here: མདུན་ངོས། གསར་གནས། ༢༠༡༡ གསར་མཛོད། ལོ་གསར་སྤྲོ་པོ་ཡོང་བའི་སྨོན་འདུན།