༢༠༡༡ གསར་མཛོད།

མི་ཚེ་རིན་ཆེན།

༄༅། །ཉིན་རེའི་འཚོ་བ་དང་བསམ་བློར་རམ་འདེགས་ཆེད་དགེ་ཕན་ལྡན་པའི་བྱ་བ་བསྒྲུབ་དགོས་ངེས་རེད། དགེ་ཕན་ལྡན་པའི་བྱ་བ་མ་བྱས་ན་ང་ཚོའི་སེམས་གཡེང་བ་དང༌། དགེ་བའི་བསམ་བློ་མེད་ན་བྱ་བ་ཐམས་ཅད་ཉོན་མོངས་པའི་དབང་དུ་འཚུད་འགྲོ་བ་རེད། དེ་འདྲར་རྟེན་ཉེ་འཆར་ངའི་སྐྱེས་སྐར་སྲུང་བརྩིའི་མིང་ཐོག་ཏུ་དགེ་ཕན་གྱི་བྱ་བ་མང་པོ་སྒྲིག་འཛུགས་གནང་མཁན་ཚོར་ངས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མི་ཚེ་ནི་ཐུང་ཐུང་དང་རིན་ཆེན་ཡིན་པས་དེ་བེད་སྤྱོད་དགེ་ཕན་ཡོད་པ་བྱེད་དགོས།

བྱམས་བརྩེའི་འཚོ་བའི་ངོས་ནས་མིག་བཅོས་སྨན་སྒར་སྒྲིག་འཛུགས་བྱས་ཏེ་མི་གྲངས་ ༢༤༠ ཙམ་གྱི་མིག་ཤེད་སླར་གསོ་བྱུང་བ་འདུག ཡང་ང་ལ་བརྟན་བཞུགས་ཀྱི་ཚུལ་དུ་རྣལ་འབྱོར་པ་ཆེན་པོ་༧སྐྱབས་རྗེ་ནམ་མཁའ་རིན་པོ་ཆེ་དབུ་བཞུགས་ཐོག་རྒྱ་ར་བ་རིན་པོ་མཆོག་ནས་ཉིན་བདུན་གྱི་སྒྲུབ་ཆོག་གོ་སྒྲིག་ཞུས་་པ་རེད། འདི་ཐམས་ཅད་ཀྱང་འཇོན་ཐང་ཅན་གྱི་འབྲུག་པ་ཨེ་ཤི་ཡའི་ཚོགས་གཙོ་འཇིགས་མེད་འཇམ་དཔལ་གྱི་འགན་འཁུར་འོག་ལམ་ལྷོང་བྱུང་བ་ཞིག་དང༌། ངའི་ལྷག་བསམ་རྣམ་དག་གི་ཆོས་གྲོགས་དང་གྲོགས་པོ་རྣམས་ནས་ངལ་བ་ལྷུར་ལེན་བྱས་འབྲས་ཤིག་རེད། ངའི་བཙུན་མ་རྣམས་ནས་ཉིན་མཚན་བསྟུད་དེ་ལས་ཀ་བྱས་པར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁ་སང་ངོ་འདྲིས་མེད་པའི་མི་ཞིག་གིས་ང་ལ་ངའི་སྐྱེས་སྐར་རིང་འབྲུག་ཨ་མི་ཏ་བྷ་གློག་འོད་འཆེམ་འཆེམ་འདུག་པས། འདི་མཐོང་མཁན་ཚང་མར་འདིར་བྱེད་སྒོ་མང་པོ་ཞིག་ཡོད་པའི་འཚོར་བ་བྱུང་འདུག་ཅེས་བརྗོད་བྱུང༌། འདི་ཐམས་ཅད་ངའི་བཙུན་མ་རྣམ་པས་ངལ་བ་ཁྱད་བསད་ཀྱི་འབད་བརྩོན་བྱས་པར་རྟེན་ནས་བྱུང་བ་ཞིག་རེད།

འཛམ་གླིང་གང་སར་གནོད་འཚེ་རྒུད་ཆགས་ཀྱི་གནས་ཚུལ་ཡང་ཡང་འཐོན་གྱི་ཡོད་སྟབས། ཉེ་ཆར་ཉི་ཧོང་ནང་བྱུང་བའི་ས་འགུལ་གྱིས་མི་རྣམས་ཧ་ལས་ཧོན་འཐོར་གྱི་གནས་སུ་གྱུར་བ་འདི་གོ་རྟོགས་ཐུབ་ངེས་རེད། ང་ཚོས་ཤེས་རྟོགས་དགོས་པ་དང་གྲ་སྒྲིག་དགོས་པ་རེད། ངས་སྔོན་ནས་ལན་མང་བརྗོད་པ་བཞིན་སླར་ཡང་བརྗོད་རྒྱུར། རང་བྱུང་ཁམས་ང་ཚོ་དང་འཆམ་མཐུན་གནས་དགོས་ན་ང་ཚོས་རང་བྱུང་ཁམས་དང་བསྟུན་མཁས་བྱེད་དགོས་པ་རེད། གནོད་འཚེ་འཇིག་རྒུད་འདི་རིགས་ལྷ་དང་དཀོན་མཆོག་སོགས་སུ་ལའང་ཁག་དཀྲི་བྱེད་ཐབས་མེད། མི་ངན་པ་ཇི་ཙམ་ཡོད་ནའང་འདི་ལྟ་བུའི་གནོད་འཇིག་བཟོ་ཐུབ་ཀྱི་མ་རེད། ང་ཚོས་རང་བྱུང་ཁམས་ལ་བྱམས་སྐྱོང་བྱས་ན་རང་བྱུང་ཁམས་ཀྱིས་ཀྱང་ང་ཚོ་སྤྱི་སྒེར་ཚང་མར་བྱམས་སྐྱོང་བྱེད་ཀྱི་རེད། མདོ་དོན་སྙིང་པོ་རང་བྱུང་ཁོར་ཡུག་དང་མཐུན་པའི་འཚོ་བ་བསྐྱེལ་དགོས་པ་རེད། ཁོར་ཡུག་ལ་དྲན་ཤེས་བྱེད་དགོས་པ་དང༌། གཞན་གྱི་ཚེ་སྲོག་ལ་གུས་བསྐུར་བྱེད་དགོས།

ང་ཚོ་མི་རེ་ངོ་རེས་ཤེས་རྟོགས་ཆེད་འཚོ་བ་ཡང་དག་གི་ལྟ་བ་ཁྱབ་སྤེལ་བྱེད་དགོས། ང་ཚོས་སྐད་ཆ་ཤོད་ཀྱི་ཡོད། མི་དུང་ཕྱུར་མང་པོས་སྐད་ཆ་ཤོད་ཀྱི་ཡོད་ཀྱང་ལག་ལེན་བསྟར་གྱི་མེད། དེར་རྟེན་སྐད་ཆ་ཉུང་ཅམ་བཤད་དེ་ལས་ཀ་མང་ཙམ་བྱས་ཏེ་གཞན་ལ་མིག་དཔེ་གཏོད་དགོས། ངས་ཚང་མའི་ཚབ་བྱས་ཏེ་རྐྱེན་ངན་འདིའི་ནང་ཚུད་པའི་ཤི་གསོན་ཀུན་གྱི་ཆེད་སྨོན་ལམ་བཏབ་བཞིན་ཡོད། གནོད་འཇིག་འདི་རིགས་ཀྱི་ཉམས་མྱོང་བསླབ་བྱ་ཆུད་ཟོས་སུ་མ་བཏང་བར་ཕྱིས་སྐྱོན་མེད་པར་ཉེན་བརྡར་གོ་དགོས།

ངའི་སྐྱེས་སྐར་གྱི་མཛད་རིམ་བསྒྲུབས་པ་དང་ང་ཚོ་རང་བྱུང་འཕགས་པ་ཤིན་ཀུན་མཆོད་རྟེན་གྱི་དྲུང་དུ་གནས་སྤོས་ཀྱིས་གླིང་སྐོར་བཅུ་གསུམ་བརྒྱབ་རྗེས་འཛམ་གླིང་ཞི་བདེའི་ཆེད་སྨོན་ལམ་ཚོགས་པ་ཡིན། སྨོན་ལམ་གྱི་རྒྱལ་པོ་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་འབུམ་གསོག་དུས་ཚོད་ཚོད་དཔག་ལས་སྔོན་དུ་བསྒྲུབས་སོང༌། འབྲུག་ཨ་མི་ཏ་བྷའི་བཙུན་མ་རྣམས་དང༌། ༧སྐྱབས་རྗེ་སེང་བྲག་རིན་པོ་ཆིའི་སྒྲུབ་གྲྭའི་བཙུན་མ། རྡོར་གླིང་ནས་ཕེབས་པའི་དགེ་འདུན་པ། དེ་བཞིན་ཀ་ཐ་མཎ་གྲུ་ཁུལ་གྱི་དགེ་འདུན་པ་བཅས་ཐུན་མོང་ནས་སྨོན་ལམ་དུས་མཆོད་འདི་ལམ་ལྷོང་ལྡན་པ་ཙམ་མ་ཟད་བཀྲིས་པའི་དུས་མཆོད་ཞིག་ཏུ་གྱུར་པ་རེད། ཚང་མས་མཁྱེན་གསལ་ལྟར་ད་ལྟ་ཀ་ཐ་མཎ་གྲུ་ཁུལ་དུ་ཆར་པ་མེད་པར་གནམ་གཤིས་སྐམ་ཤས་སྐབས་ཡིན་ཀྱང༌། བཟང་སྤྱོད་སྨོན་ལམ་འབུམ་གསོག་བསྒྲུབས་མ་ཐག་ཆར་ཆེན་བབས་པ་དང༌། གློག་འཁྱུག་པ། འབྲུག་སྒྲ་སྡིར་བ་སོགས་ངོ་མཚར་བའི་རྟགས་མཚན་དུ་མ་བྱུང་སོང་བས། ང་ཚོས་བསྟན་འཛིན་གྱི་སྐྱེས་ཆེན་རྣམས་སྐུ་ཚེ་ཞབས་པད་བརྟན་པ། ཉེ་ཆར་གྱི་གནོད་འཇིག་ནང་འཆི་རྨས་བྱུང་བ་རྣམས་ཀྱི་བདེ་ཐབས། ཆོས་གཤའ་མ་བྱེད་མཁན་ཚོའི་འདོད་དོན་ཡིད་བཞིན་འགྲུབ་པའི་སྨོན་ལམ་བཏབ་པ་དོན་སྨིན་ཡོང་ངེས་ཀྱི་ཡིད་ཆེས་བྱུང༌།

ཟླ་ཤས་གྱི་མཚམས་གྲོལ་ཞིང་སྨོན་ལམ་བསྒྲུབས་རྗེས་ངས་བཙུན་མ་རྣམས་དང་གྲོགས་པོ་འགའ་ཅི་ཏ་ཝན་དང་སྤོག་ར་ཁུལ་དུ་ཉིན་ཤས་སྤྲོ་སེང་ཆེད་འཁྲིད་པ་ཡིན། ཅི་ཏ་ཝན་དུ་ངས་གླང་ཆེན་གྱིས་ཡུལ་སྐོར་བ་དང་ང་ཚོའི་ཁོངས་འགའ་ཤིང་ནགས་ནང་སྤྲོ་འཆམ་དུ་འཁྱེར་བ་མཐོང་བྱུང༌། འདི་ཁུལ་གྱི་གླང་ཆེན་རྣམས་ས་ཆ་གཞན་འགར་ཡུལ་སྐོར་སྤྲོ་འཁྱམ་པས་བེད་སྤྱོད་བྱེད་པའི་གླང་ཆེན་ལས་ལུས་སྟོབས་རྒྱས་པ་དང་བརྗིད་ཉམས་དོད་པ་འདུག གླང་ཆེན་འདི་རྣམས་མཐོང་དུས་མི་རབས་ནས་མི་རབས་ངལ་བ་བྱས་ཀྱང་སྡུག་སྦྱོང་ཁོ་ན་མྱོང་བའི་གླང་ཆེན། རྟ་དང་བོང་བུ་སོགས་ཀྱི་དུད་འགྲོ་རྣམས་ཡིད་ལ་དྲན་ཏེ་མིག་ཆུ་དབང་མེད་དུ་ཤོར་བྱུང༌། ནམ་རྒྱུན་ནས་ངས་སྣུམ་འཁོར་འཁོར་ལོ་བཞི་ལྡན་དང་གཉིས་ལྡན་གསར་གཏོད་བྱེད་མཁན་ནི་བྱང་ཆུབ་སེམས་དཔའི་རྣམ་སྤྲུལ་ཡིན་ཤག་བྱེད་ཀྱི་ཡོད། དེང་དུས་ཀྱི་སྐྱེལ་འདྲེན་འཁོར་ལོའི་རིགས་ནི་མགྱོགས་ལ་ནུས་ཚད་ཆེ་བ་ཙམ་མ་ཟད། མི་རྣམས་ནས་དུད་འགྲོ་མནར་སྤྱོད་བྱེད་རྒྱུ་བཀག་ཐུབ་ཡོད། འཁོར་ལོ་འདི་རིགས་ཀྱིས་དུད་འགྲོའི་འཁུར་པོ་ཡང་དུ་བཏང་ཡོད། ངས་བཙུན་མ་རྣམས་ལ་གླང་ཆེན་ཚོར་ཤིང་འབྲས་ངང་ལག་བསྟེར་དགོས་ལབ་རྗེས་གནས་ཚུལ་འདི་ཚོ་སེམས་ལ་འཆར་ཞིང་འདི་རྣམས་ཐར་པར་འདྲེན་ཐུབ་ན་སྙམ་པ་བྱུང༌། གླང་ཆེན་འདི་ཚོས་དུས་གཅིག་ཤིང་འབྲས་འདི་ཙམ་མང་པོ་བཟའ་རྒྱུ་བྱུང་མེད་པ་མངོན་གསལ་འདུག སྐབས་སྐབས་ལ་མི་གཅིག་གམ་ཡུལ་སྐོར་བ་རེ་ཟུང་ནས་ངང་ལག་གཅིག་ཙམ་བསྟེར་གྱི་ཡོད་འགྲོ། འོན་ཀྱང་གླང་ཆེན་གྱི་གྲོད་པ་ནི་འཇིག་གྱི་ཁམས་ལྟར་ཆེན་པོ་ཡིན་པས་ངང་ལག་གཅིག་གིས་ལྡེང་ངེས་མེད།

ངས་བཙུན་རྣམས་ནས་གླང་ཆེན་ལ་ངང་ལག་སྦྱིན་པ་བལྟ་བཞིན་ལྟད་མོ་ཆེན་པོ་བྱུང༌། སྐབས་རེ་གླང་ཆེན་ཚོས་སྣ་བེད་སྤྱོད་མ་བྱས་པར་ཁ་གདང་སྟེ་ངང་ལག་མང་པོ་སྡེབས་གཅིག་ཏུུ་ཁའི་ནང་ལེན་གྱི་འདུག བཙུན་མ་ཁ་ཤས་ནས་དེ་ལྟར་བསྟེར་ཀྱང་ཁ་ཤས་ནས་འཇིགས་ཏེ་བསྟེར་ཕོད་ཀྱི་མི་འདུག གླང་ཆེན་ཚོས་བཙུན་མ་ཚོར་དགའ་འཚོར་ཆེན་པོས་ཡིད་ཆེས་ཀྱིས་འདི་ལྟར་བྱེད་ཀྱི་ཡོད་པ་ཤེས་འཚོར་བྱུང༌། གླང་ཆེན་འདི་རྣམས་ལུས་སྟོབས་རྒྱས་ལ་ཡུལ་སྐོར་བ་འཁྱེར་འགྲོ་སྐབས་སྡུག་སྦྱོང་མེད་པར་གསོ་སྐྱོང་བྱམས་པོ་བྱས་ཡོད་པ་མཐོང་ནས་དགའ་པོ་བྱུང༌། ཁོང་ཚོ་ལོ་མང་པོར་འདུལ་སྦྱོང་བྱེད་སྐབས་མནར་གཅོད་མྱང་ཡོད་པ་ནི་སྨྲོས་མི་དགོས། ང་ཚོའི་སེམས་ནང་བཞིན་རེད། ང་ཚོའི་སེམས་ཀྱང་མ་འདུལ་བར་གླང་ཆེན་རྒོད་པོ་དང་སྤྲེའུ་རྒོད་པོ་ལྟ་བུ་རེད། སེམས་བཏུལ་ཟིན་རྗེས་ང་ཚོའི་སེམས་རྒྱུད་ཞི་ཞིང་འདུལ་བ་ཚུལ་མཐུན་ཆགས་ཀྱི་ཡོད།

ཅི་ཏ་ཝན་དང་སྤོག་ར་གཉིས་སུ་ང་ཚོའི་བཙུན་མ་ལོ་བཞི་བཅུ་སོན་པ་ཡན་ནས་འབད་བརྩོན་ཆེན་པོས་རྐང་འཁོར་གཏོང་སྟངས་སྦྱང་བ་བལྟ་བཞིན་བསྡད་པ་ཡིན། ཁོང་ཚོར་རྐང་འཁོར་གཏོང་སྟངས་མ་ཤེས་ན་རྗེས་མ་རྐང་འཁོར་ཐོག་གནས་སྐོར་ཕྱིན་པ་འདྲ་ཡིན་ན་འགྲོ་རྒྱུ་ཡོང་གི་མ་རེད་བསམ་པའི་བློ་ཚབ་ཡོད་པ་འདྲ། རྐང་འཁོར་སྦྱང་རྒྱུར་དངུལ་ཇི་ཙམ་འགྲོ་སོང་བཏང་མ་ཤེས་ཀྱང༌། གདོང་ཉི་མས་གདུངས་ཏེ་ནག་པོ་ཆགས་འདུག་ཅིང༌། ཁ་ཤས་ནི་རིལ་ནས་རྨ་ཡང་བཟོས་འདུག སྟབས་ལེགས་པ་ཞིག་ལ་མང་པོ་ཞིག་ལ་རྨས་སྐྱོན་བྱུང་མི་འདུག ད་ཆ་ཁོང་ཚོ་རྐང་འཁོར་གནས་སྐོར་འགྲོ་རྒྱུར་སྦྱང་པ་ཚུད་འདུག་པས་ང་རང་གི་གནས་སྟངས་ལ་བསམ་ནས་ཁོང་ཚོའི་རྗེས་བསྙེག་ཐུབ་ཨ་ཡོང་བསམ་པའི་སེམས་འཁྲལ་འདུག ད་ཆ་ང་ཚོ་ཆོས་གྲོགས། སློབ་མ། གྲོགས་པོ་ཚང་མ་གདོང་འཛུམ་མདངས་འཕྱུང་བཞིན་འབྲུག་ཨ་མི་ཏ་བྷར་ཕྱིར་ལོག་བསླེབས་ཡོད། ང་ཚོས་རྣམ་དཀར་གྱི་ལས་ཀ་ཅི་བྱས་ཀྱི་དགེ་རྩ་ཐམས་ཅད་སེམས་ཅན་ཀུན་གྱི་བདེ་སྐྱིད་དང་འཛམ་གླིང་ཞི་བདེའི་ཆེད་བསྔོ་དགོས། སྡིག་པ་ཅི་བྱས་བཤག་ནས་ཕྱིན་ཆད་ནམ་ཡང་མི་བྱེད་པའི་མ་བཅའ་བྱེད་དགོས། ང་ཚོ་བློ་བདེ་བག་ཕེབས་ངང་རི་མགོར་འབྱོར་ཏེ་མཚམས་ལ་སྡོད་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད།།