༢༠༡༡ གསར་མཛོད།

འཆར་སྣང་གསལ་པོ་མཐོང་ཆེད་ལྷོད་དལ་བྱེད།

༄༅། །ཕྱི་ལོ་ ༢༠༠༩ ལོར་ང་ཚོ་གོམ་འགྲུལ་གནས་སྐོར་འགྲོ་སྐབས་ངའི་སློབ་མ་དང༌། གྲོགས་པོ་གཞན་ལྟར་གོམ་འགྲོས་མྱུར་པོ་བྱེད་མ་ཐུབ་མཁན་ཚོ་ཕྱོགས་གཅིག་ཏུ་བཞག་ཏེ་ཁོང་ཚོར་རུས་སྦལ་རུ་ཁག་ཞེས་པའི་མིང་འདོགས་བཏགས་པ་རེད། ད་ཆ་བསམ་བློ་གཏོང་དུས་རུ་ཁག་དེའི་འགོ་འཁྲིད་ང་རང་བསྐོ་དགོས་པ་འདུག

བར་ལམ་ངས་གནས་ཚུལ་དང་འདྲ་པར་སོགས་མཉམ་སྤྱོད་བྱ་རྒྱུར་འགོར་གཞི་ཡོད་པ་ཚང་མས་དོ་སྣང་བྱུང་ཡོད་ཤག་རེད། ང་དེང་སང་འགོར་གཞི་ཆེ་བའི་མཐུན་རྐྱེན་བེད་སྤྱོད་བྱེད་བཞིན་པ་ཡིན། མཚམས་མཚམས་ལ་མགྱོགས་ལམ་བཞག་ཏེ་ཉེ་འཁོར་ལ་ཞིབ་དཔྱད་བྱེད་རྒྱུ་གལ་ཆེན་པོ་རེད་བསམ་གྱིས། དེང་སང་ང་ས་ཕྱོགས་གཅིག་ནས་གཅིག་ལ་འགྲོ་དུས་མེ་འཁོར་ནང་འགྲོ་གང་ཐུབ་བྱེད་ཀྱི་ཡོད། རྒྱ་གར་ནང་མེ་འཁོར་བརྒྱུད་འགྲུལ་བཞུད་བྱེད་རྒྱུ་ནི་ཉམས་མྱོང་གཞན་དང་མ་འདྲ་བ་ཞིག་རེད། ང་ལ་མེ་འཁོར་སྡེ་ཚན་དང་ཡུལ་འཁོར་སྤྲོ་འཁྱམ་ལས་ཁུངས་ནས་གླ་ཡོན་སྤྲོད་ཀྱི་མེད་རུང༌། ངས་མེ་འཁོར་ནང་འགྲུལ་བཞུད་བྱེད་པའི་དགེ་མཚན་གང་སར་ཤོད་ཀྱི་ཡོད། འདི་ལྟར་འགྲུལ་བཞུད་བྱེད་རྒྱུ་དེ་ཡང་འདས་པའི་རྗེས་དྲན་ཞིག་ཆགས་ཀྱི་རེད། ཡར་རྒྱས་གོང་འཕེལ་མགྱོགས་པོ་ཕྱིན་པ་དང་སྦྲགས་མི་ཀུན་འགྲུལ་ཐབས་མྱུར་པོ་སྤྱོད་གང་ཐུབ་བྱས་ཏེ། དལ་ལ་ཀུ་ཅོ་ཆེ་བའི་རྒྱ་གར་གྱི་མེ་འཁོར་ངོ་མཚར་ཅན་འདི་རྣམས་རིམ་པས་མེད་པ་ཆགས་ཀྱི་རེད། མེ་འཁོར་ནང་ཉམས་མྱོང་འདྲ་མིན་མང་པོ་བསགས་ཀྱི་རེད། ལམ་ལ་གྲོང་གསེབ་མང་པོ་མཐོང་རྒྱུ་ཡོད་པ་དང༌། འགྲུལ་རོགས་གཞན་དང་གཏམ་གླེང་བྱེད་རྒྱུ། ས་གནས་ཀྱི་ཞིམ་ཟས་གང་འདོད་ཉོ་ཟ་བྱེད་རྒྱུ་སོགས་ཡོད་རེད། རྒྱ་གར་གྱི་མེ་འཁོར་ནང་ཁ་ལག་རིགས་འདྲ་མིན་མང་པོ་དང་སྨན་སྣ་བཏབ་པའི་ཇ་ཚ་པོ་ཐོབ་པས། གྲོད་ཁོག་ཐང་པོ་ཡོད་ན་དེ་ཚོ་ལོངས་སྤྱོད་ཐུབ་ཀྱི་རེད། མེ་འཁོར་ནང་འགྲུལ་བཞུད་རིང་པོ་ནམ་བྱས་མཐར་ངའི་ལུས་པོའི་ལྗིད་ཚད་འཕར་གྱི་འདུག ཡང་ཁ་འདོན་བྱེད་བསམ་ན་རང་གི་ཕྲེང་བ་དང་དཔེ་ཆ་བཏོན་ཏེ་ཁ་འདོན་བྱས་ན་སུས་གང་ཡང་ཟེར་མཁན་མེད།

ང་ཆུང་ཆུང་ཡིན་དུས་རྡོ་རྗེ་གླིང་གི་མེ་འཁོར་ཆུང་ཆུང་ནང་འགྲུལ་བཞུད་བྱེད་ཀྱི་ཡོད་ཅིང༌། དུས་དེ་ནི་ངའི་མི་ཚེའི་ནང་གི་གཙིགས་ཆེའི་དུས་ཚིགས་ཡིན། རྡོ་སོལ་གྱི་ཚིག་དྲི་དང༌། མེ་འཁོར་གྱི་ཤུར་སྒྲ། འགྲུལ་རོགས་མི་འདྲ་མིན་ཡོད་པ་རྣམས་ད་ལྟའང་ཡིད་ལ་དྲན་བཞིན་འདུག ད་ལྟའང་མེ་འཁོར་ནང་འགྲུལ་མི་ག་འདྲ་ཡོད་མེད། ཁོང་ཚོས་བཟའ་བཏུང་གང་བྱེད་ཀྱི་ཡོད། སྐད་ཆ་གང་ཤོད་ཀྱི་ཡོད་སོགས་ལ་ངས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ཕན་ཚུན་སྦྲེལ་མཐུད་བྱེད་པའི་བྱ་སྤྱོད་དང་གོ་སྐབས་དུ་མ་ཡོད། དེང་དུས་མི་དང་དངོས་སུ་འབྲེལ་བ་མེད་པར་མཛུབ་མཐེབ་མནན་ཏེ་འབྲེལ་བ་བྱེད་ཀྱི་ཡོད།

གློག་ཀླད་ཀྱི་མདུན་དུ་ཡུན་རིང་མ་སྡོད། རང་ལ་རང་བྱུང་ཁམས་དང་སྦྲེལ་རྒྱུའི་ཡུལ་དུས་དགོས། ཕྱིའི་ཡུལ་ཁམས་ཀྱིས་ནང་སེམས་ཀྱི་རང་བཞིན་དང་ཉེ་བར་གཏོང་གི་ཡོད། གལ་ཏེ་ང་ཚོས་ཞི་བདེ་དང༌། བྱམས་བརྩེ། དགའ་དུངས། ལམ་འགྲོ་སོགས་ཕྱི་ལ་འཚལ་ན་ཐོབ་ཐབས་མེད་དེ། གང་ཡིན་ཟེར་ན་འདི་ཚང་མ་རང་གཤིས་ལ་ཡོད་པ་རེད། གལ་ཏེ་ང་ཚོས་བཟང་ཆོས་འདི་རྣམས་རང་རྒྱུད་ལ་འབྱོང་མ་ཐུབ་ན་ཕྱིའི་གནས་སྟངས་ཀྱིས་ང་ཚོར་ཤུགས་རྐྱེན་ཐེབས་ཀྱི་རེད། སེམས་རྒྱུད་འབྱོང་ཐབས་སུ་་ང་ཚོས་ལས་བྲེལ་དལ་དུ་བཏང་སྟེ་ཐོས་པ་ཆེ་ཙམ་དང༌། སྐད་ཆ་ཤོད་རྒྱུ་ཉུང་ཙམ་བྱས་ཏེ་ནང་་སེམས་ཀྱི་འཆར་ཚུལ་ལ་དོ་སྣང་ཆེ་ཙམ་བྱེད་་དགོས་པ་དང༌། མ་འོངས་སྔོན་བསུ་དང་འདས་པར་འགྱོད་པ་བྱེད་རྒྱུའི་ཚབ་ཏུ་ད་ལྟར་ཞིབ་ཆ་བྱེད་དགོས། ངས་རང་གི་བླ་མ་རྣམས་ཞལ་ལག་བཞེས་སྐབས་ནམ་མཇལ་ནའང་ཡིད་སྨོན་སྐྱེད་ཀྱི་འདུག འཛམ་གླིང་རྡིབ་སྐྱོན་ཡོང་གི་ཡོད་རུང་སྣང་མེད་ཀྱིས། ཞལ་ལག་ལ་ཐུགས་སྣང་བརྒྱ་ཆ་བརྒྱ་གནང་སྟེ་ཐུགས་སྤྲོ་བ་ཆེན་པོས་ཞལ་ལག་བཞེས་པ་རེད། རྣམ་ཀུན་ང་ཚོའི་སེམས་གང་སར་འཁྱར་རྐྱེན། རང་གི་སེམས་རྒྱུད་ལྟ་ཞོག ཟས་དང་ནང་མི། གྲོགས་པོ། ལས་ཀ་སོགས་ལ་ཡི་རང་བྱེད་ཁོམ་མེད་པ་རེད།

དེང་ང་ཐུག་འཕྲད་བྱེད་པར་འོང་མི་ཚོས་ཁོང་ཚོ་དེ་མུར་ངལ་དུབ་ཀྱིས་ཡིད་ལ་བདེ་བ་མིན་འདུག་ཅེས་བརྗོད་ཀྱི་འདུག ང་ཚོའི་སེམས་ནི་གླང་ཆེན་རྒོད་པོ་ལྟར་ཡིན་ཅིང༌། བསམ་བློ་གཅིག་རྗེས་གཉིས་མཐུད་འཁོར་གྱི་ཡོད་པས་ལུས་ཀྱི་ངལ་རྩོལ་མ་བྱེད་རུང་བསམ་བློ་མང་པོ་བཏང་སྟེ་རང་ལ་དགོས་མེད་ཀྱི་རྣོན་ཤུགས་སྤྲོད་ཀྱི་ཡོད། དུས་སྐབས་མང་ཆེ་བར་དལ་མེད་ཚབ་འཚུབ་དབང་གིས་ང་ཚོའི་རྣམ་དཔྱོད་ཆུད་ཟོས་འགྲོ་གི་ཡོད། དལ་མེད་ནི་ཡིད་ཆེས་ཀྱི་ལྡོག་ཕྱོགས་རེད་བསམ་གྱིས། དེ་འདྲ་སོང་ཙང༌། ང་ཚོ་ཚང་མ་སྐབས་སྐབས་སུ་རུས་སྦལ་ལྟར་ལྷོད་པོ་བྱེད་དགོས་ངེས་རེད་ཅེས་བརྗོད་རྒྱུ་ཡིན། མེ་འཁོར་ནང་བསྐྱོད་དེ་ལྷོད་དལ་གྱིས། རང་གིས་རང་ལ་དུས་ཚོད་སྤྲོད། ལྷོད་དལ་བྱས་ན་འཆར་སྣང་གསལ་བ་ཡོང་གི་རེད་ལ། སྤྲོ་སེམས་དང་བཅས་མི་ཚེའི་ཞིབ་ཆ་རྣམས་མཐོང་ཐུབ་ཅིང༌། ཕྱིའི་དཀའ་ངལ་མང་པོ་འཕྲད་ནའང་རང་གི་བསམ་ཤེས་དབང་གིས་འགལ་རྐྱེན་ཐམས་ཅད་གོ་རྟོགས་ཐུབ་པས་གནོད་རྐྱེན་གང་ཡང་ཡོང་གི་མ་རེད།

ང་ཚོ་དལ་པོ་བྱས་ན་འཆར་སྣང་གསལ་བ་མཐོང་གི་མི་འདུག་གམ། མི་ཚེའི་གོ་རྟོགས་ཀྱང་ཏན་ཏན་ལེགས་པ་ཡོང་གི་རེད། དུས་ཚོད་ཐོབ་ན་སླར་ཡང་བྲི་ཆོག

You are here: མདུན་ངོས། གསར་གནས། ༢༠༡༡ གསར་མཛོད། འཆར་སྣང་གསལ་པོ་མཐོང་ཆེད་ལྷོད་དལ་བྱེད།