༢༠༡༢ གསར་མཛོད།

སྐབས་མཚམས་ཁོ་ནར་ལས་བྱེད་མཁན།

༄༅། །ཚང་མ་ག་ཏེ་ག་ཏེའམ། སོང་ཞིག་སོང་ཞིག་ཡིན་པས་དུས་ཚོད་མྱུར་ནས་མྱུར་དུ་འགོག་ཐབས་མེད་པར་འདའ་བཞིན་འདུག སྐབས་རེ་ངའི་སེམས་པར་ཆོས་ཉམས་ལེན་དང༌། ཚོང༌། ལས་དོན། འགན་འཁྲི་སོགས་རང་བཞིན་ལྷུན་གྲུབ་བྱུང་ན་ང་ཚོ་ཚང་མ་སེམས་འཕྲལ་མེད་པ་ཡོང་གི་རེད་སྙམ་གྱིས། འོན་ཀྱང་དེ་ནི་མི་སྲིད་པ་ཞིག་རེད། ང་ཚོས་བདག་ཉར་བྱེད་དགོས་བསམ་པ་མྱུར་ནས་མྱུར་བར་ཟད་པ་དང༌། མི་འདོད་པ་རྣམས་འཛད་རྒྱུར་ཡུན་རིང་འགོར་བ་ལྟ་བུའི་འཚོར་སྣང་ཡོང་བ་ཡིན།

ངས་ག་ཏེ་ག་ཏེ་ཟེར་འཕྲལ་ཁྱེད་ཚོ་འགའ་ཞིག་གིས་ཁོས་ཡང་མི་རྟག་པའི་སྐོར་ཤོད་རྒྱུ་ཡིན་པ་འདྲ་བསམ་གྱི་ཡོད་འགྲོ། ཅི་བྱེད། མི་རྟག་པ་ནི་ཡོད་ཡོད་པ་ཡིན་པས་བྱ་ཐབས་བྲལ། དེ་སུས་ཀྱང་འགྱུར་བ་གཏོང་མི་ཐུབ། ང་ཚོ་ཚང་མ་སྐབས་མཚམས་ཁོ་ནར་ལས་ཀ་བྱེད་མཁན་ཤ་སྟག་ཡིན། ལས་ཀ་གཞན་བྱེད་རྒྱུར་ཧུར་བརྩོན་ཆེན་པོ་ཡད་རུང་ཆོས་དང་དགེ་བའི་ལས་བསྒྲུབ་རྒྱུ་དེ་རྐྱེན་མཚམས་བར་ནར་འགྱང་གིས་འཇོག་གི་ཡོད། ངའི་སློབ་མ་དང་གྲོགས་པོ་མང་པོ་ཞིག་གིས་ཆོས་ཉམས་ལེན་དང་མཛད་རིམ་ནང་ཞུགས་རྒྱུའི་གྲ་སྒྲིག་སྐབས་མཚམས་བར་ནར་འགྱང་གིས་འཇོག་ཅིང༌། དུས་ཚོད་རན་དུས་དངངས་ཚབ་ཀྱིས་གང་ཡང་བྱེད་མི་ཐུབ་པ་ཆགས་པ་མཐོང་གི་འདུག

རྗེ་བཙུན་མའི་ཕ་ཡུལ་དུ་འགྲོ་རྒྱུའི་བྱེད་བཞིན་ངས་རང་གིས་རང་ལ་བརྟགས་སྐབས་ཅ་དངོས་འཁྱེར་དགོས་པ་རྣམས་མ་རྙེད་པར་ཞེ་སུན་པ་དང༌། དེ་སུ་ཞིག་ལ་ཁག་དཀྲི་བྱེད་དགོས་བསམ་པ་ཞིག་འདུག་ཅིང༌། བསམ་བློ་ལེགས་པར་གཏོང་སྐབས་རང་གི་ཅ་དངོས་བསྡུ་གསོག་བྱེད་རྒྱུ་དེ་ང་རང་གི་ལས་འགན་མ་རེད་དམ་སྙམ་པ་བྱུང༌།

ཚང་མ་མི་རྟག་པ་ཡིན་པས་ང་ཚོ་ཚང་མ་གྲ་སྒྲིག་དགོས་པ་དང་མི་ཚེའི་དངོས་ཡོད་གནས་ཚུལ་ཀས་ལེན་ཐུབ་པ་ཞིག་དགོས། དཔེར་ན། ཉེ་ཆར་ངའི་སྐྱེས་སྐར་སྲུང་བརྩི་བྱས་པ་དེ་ཡང་ཤི་ཐག་ཉེ་རུ་ཕྱིན་པ་ཡིན་པས་གད་མོ་ཤོར་འོས་པ་ཞིག་རེད། དེར་དགའ་སྟོན་བྱེད་རྒྱུ་གང་ཡོད་བསམ་པ་ཞིག་ཡོང་གི་འདུག ཡང་ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན། ད་ལྟ་མཉམ་དུ་ཡོད་སྐབས་ཕན་ཚུན་རོགས་ཟླ་ཡོད་པར་དགའ་བཀུར་བྱེད་དགོས་སྙམ། མཐའ་མ་ང་ཚོ་ཚང་མ་འགྲོ་རྒྱུ་ཡིན་ཅིང་ལུས་རྟེན་མི་འདྲ་བ་ལེན་དུས་ཐམས་ཅད་མཁྱེན་པ་ཡིན་ན་མ་གཏོགས་ཕན་ཚུན་ངོ་ཤེས་ཀྱི་མ་རེད། ལུས་རྟེན་འདི་མི་རྟག་པ་ཡིན་པ་ཙམ་མ་ཟད་དྲན་པ་ཡང་མི་རྟག་པ་ཡིན།

ང་ལྟ་བུ་མ་བྱེད། སྐབས་མཚམས་ཁོ་ནར་ལས་ཀ་བྱེད་མཁན་གྱི་མཚན་སྙན་མེད་ན་ལེགས། མི་རྟག་པ་ཡིད་ལ་དྲན་བཞིན་དུས་ཚོད་སྐར་མ་རེ་རེ་ཡང་འགྱོད་པ་མེད་པའི་ངང་བསྐྱེལ་དགོས། རང་གི་མི་ཚེའི་དུས་ཚོས་སྐད་ཅིག་ཙམ་ཡང་དགའ་བ་དང་སྤྲོ་བ་ལྡན་པ་བྱེད་ཅིང༌།དབུག་འབྱིན་རྔུབ་རེ་རེ་ཡང་མི་རྟག་དྲན་བསྐུལ་དུ་བསམ་ན་མི་ཚེ་ཆུས་ཟོད་འགྲོ་གི་མ་རེད་ན། ང་ལྟ་བུ་མ་བྱེད། རྩོལ་མེད་སྒྲིག་འཛུགས་ལྡན་པ་གྱིས་ཤིག ང་ལྟ་བུ་སྐབས་མཚམས་ཁོ་ནར་ལས་ཀ་མ་གྱིས།

མཐའ་མཇུག་ཏུ། རྗེ་བཙུན་མ་བསྟན་འཛིན་དཔལ་མོ་དང༌། མཁན་པོ་ངག་དབང་བཟང་པོ། དོན་བརྒྱུད་དགའ་འཚལ་གླིང་གི་བཙུན་མ་རྣམས་བཅས་ནས་ང་ལ་སྐྱེས་སྐར་གྱི་འཚམས་འདྲི་ངོ་མཚར་ཅན་ཞིག་བསྐུར་འབྱོར་བྱུང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྗེ་བཙུན་མས་འབྲུག་ཆུང་ངུ་ཞིག་སྤང་དུ་ཐོག་འདུག་པ་དེ་ནི་ང་བྱིས་པའི་སྐབས་མཚོན་པ་ལྟ་བུ་འདུག ང་ལོ་གཉིས་ཡིན་དུས་ནས་ངོས་གཉིས་ཕན་ཚུན་ངོ་ཤེས་ཡིན། ཁྱད་མཚར་མ་རེད་དམ། ང་ཚོ་འབྲེལ་ཡོད་ཚང་མ་དགེ་བའི་གྲོགས་སུ་འགྱུར་བ་དང༌། ཕ་རོལ་དུ་ཕྱིན་ཏེ་མཉམ་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་སྨོན་ནོ།

ངའི་སློབ་མ་དང་གྲོགས་པོ་ཐམས་ཅད་ཀྱིས་༧སྐྱབས་རྗེ་ཐུགས་སྲས་རིན་པོ་ཆེ་ངེད་གཉིས་ལ་སྐྱེས་སྐར་གྱི་དགའ་སྟོན་ངོ་མཚར་ཆེན་པོ་ཞིག་གོ་སྒྲིག་ཞུས་བྱུང་བར་ཐུགས་རྗེ་ཆེ་ཞུ། སྤྱིར་སྐྱེས་སྐར་སྲུང་བརྩི་འདི་ངས་དགའ་མོས་ཆེ་ཤོས་བྱེད་པའི་དུས་ཚིགས་མིན་རུང༌། ཁྱེད་ཀུན་ནས་བརྩེ་གདུང་ཟབ་མོའི་ངང་ནས་སྟོན་མོ་འདི་གོ་སྒྲིག་བྱས་པར་དགའ་མགུ་ཡི་རངས་བྱེད་ཀྱི་ཡོད། ང་ཚོ་མཉམ་དུ་ཡོད་རིང་ཐབས་ལམ་འདྲ་མིན་སྒོ་ནས་གཉིས་ཕན་ཡོང་ངེས་ཡིན་ནོ།

You are here: མདུན་ངོས། གསར་གནས། ༢༠༡༢ གསར་མཛོད། སྐབས་མཚམས་ཁོ་ནར་ལས་བྱེད་མཁན།