༢༠༡༢ གསར་མཛོད།

སེམས་རྒྱུད་ཚོད་ལྟ།

༄༅། །བླ་མ་ཞིག་གི་ངོས་ནས་བྱས་ན་རང་གི་སློབ་མར་ཚོད་ལྟ་བྱེད་རྒྱུ་དང་ཁོང་ཚོ་རྒྱུགས་ལོན་པ་མཐོང་རྒྱུ་དེ་དགའ་འཚོར་ཆེ་ཤོས་དུས་ཤིག་ཡིན། ཚད་གཞི་མཐོ་ལོས་ག་འདྲ་ཞིག་གི་སྒོ་ནས་ཚད་ལོན་མིན་དེ་གལ་ཆེན་པོ་མིན་པར་ལེག་བཅོས་དང་ཡར་རྒྱས་ཕྱིན་པ་མཐོང་རྒྱུ་དེ་གལ་ཆེན་པོ་ཡིན། བླ་མའི་ལས་འགན་ནི་ལམ་སྟོན་བྱེད་རྒྱུ་ཡིན་པ་དང༌། རང་གི་རྩལ་དང༌། སྦྱོང་བརྡར། ཉམས་མྱོང་བཅས་བེད་སྤྱོད་ཀྱིས་སློབ་མར་ལམ་སྟོན་བྱེད་རྒྱུ་ནི་བླ་མའི་ལས་འགན་ཆེ་ཤོས་དེ་ཡིན། གལ་ཏེ་ང་ཚོས་ལམ་སྟོན་བྱེད་མ་ཐུབ་པའམ། ལམ་སྟོན་བྱས་པ་ལག་བསྟར་བྱེད་མཁན་མེད་ན་ང་ཚོ་ལས་མེད་དུ་འགྱུར་བ་ཡིན། བླ་མ་ལས་མེད་ཞིག་ཡིན་ན་ཡུལ་གཞན་ཞིག་ཏུ་ལས་ཀ་འཚོལ་བར་འགྲོ་ན་དགའ་གྱི་རེད། སློབ་མའམ་རྗེས་འཇུག་ཡང་དག་པ་ཞིག་བྱེད་འདོད་ན་རང་རྒྱུད་ཡར་རྒྱས་ཡོང་ཐབས་ལ་འབད་རྩོལ་བྱེད་དགོས་པ་ཡིན། དེ་འདྲ་སོང་ཙང་ངས་རང་གི་སློབ་མ་དངོས་འབྲེལ་ཡར་རྒྱས་ཕྱིན་པ་མཐོང་དུས་དགའ་འཚོར་བསམ་བརྗོད་ལས་འདས་པ་ཡོང་གི་འདུག

ང་ནི་བླ་མ་སེམས་འཁུར་ཆེན་པོ་ཞིག་མིན་པས་རང་གི་སློབ་མ་དང་གྲོགས་པོ་ཚོའི་མི་ཚེ་བསྐྱེལ་སྟངས་ལ་དེ་ཙམ་དོ་སྣང་བྱེད་ཀྱི་མེད། ཁོང་ཚོའི་དད་འབྲེལ་དེ་བེད་སྤྱོད་ཀྱིས་ཁོང་ཚོའི་དཔལ་འབྱོར་དང་ལས་ནུས་ལ་བརྟེན་ནས་རང་ཉིད་སྤྲོ་སྐྱིད་ལྡན་པའི་འཚོ་བ་བསྐྱེལ་ཐབས་བྱེད་མཁན་བླ་མ་དེ་རིགས་ནི་གཞན་གྱི་ཁྲག་འཇིབ་མཁན་པད་པ་ལྟ་བུ་ཡིན་པས། ང་རང་འདི་འདྲ་བྱེད་མཁན་ཞིག་མིན་པའི་ཡིད་ཆེས་ཡོད། བསྐལ་པ་ནས་བསྐལ་པར་བླ་མའམ། དགེ་བའི་གྲོགས་པོ། ཡང་ན་དགེ་བའི་ལམ་སྟོན་པ་བྱེད་རྒྱུ་དེ་ནི་ང་རང་སྒེར་གྱི་ཐག་གཅོད་ཞིག་ཡིན། དེང་དུས་སྐད་ཆ་འདིར་གོ་བ་མེད་པ་ལྟ་བུ་རེད། དེང་སང་བླ་མས་བླ་མའི་མཛད་པ་བསྐྱང་མ་ཐུབ་པའམ། མཛད་པ་བསྐྱང་རྒྱུའི་གོ་སྐབས་མེད་པར་བརྟེན་བླ་མར་བླ་མའི་བརྩིགས་མཐོང་མེད་པ་ཆགས་ཀྱི་ཡོད། བླ་མ་དེ་དག་རང་གི་སློབ་མའི་རྒྱུ་དངོས་ཀྱི་རོགས་སྐྱོར་ལ་རྟེན་དགོས་ཀྱི་ཡོད་སྟབས་སློབ་མ་དེ་དག་གི་ངོ་སྲུང་དགོས་པ་ཡིན། ཡང་མི་འགའ་ཞིག་ལ་ཆོས་སྟོན་པའི་མཚན་ཉིད་མ་ཚང་ནའང་དེང་དུས་ཀྱི་འབྲེལ་ལམ་བྱེད་མཁས་པོ་ཡོད་སྟབས་བླ་མ་ཡིན་པའི་སྙན་གྲགས་ཆེན་པོ་ཆགས་ཀྱི་ཡོད། ངས་རང་གི་སློབ་མ་དང་གྲོགས་པོ་རྣམས་ལམ་སྟོན་ཡང་དག་བྱེད་ཀྱི་ཡོད་རེ་ཡིན། དེ་མིན་ཉེས་མིག་ཆེན་པོ་གསོག་གི་རེད། ངའི་ཐུགས་སྲས་༧སྐྱབས་རྗེ་ཁམས་སྤྲུལ་རིན་པོ་མཆོག་ནས་དེང་སང་སློབ་མས་བླ་མར་དད་གུས་བྱེད་རྒྱུའི་ཚབ་ཏུ་བླ་མས་སློབ་མར་གུས་བཀུར་བྱེད་ཀྱི་འདུག་ཅེས་ཡང་ཡང་གསུངས་ཀྱི་འདུག བླ་མས་སློབ་མར་གུས་བཀུར་མ་བྱས་ན་སློབ་མ་མེད་པར་འགྱུར་ཅིང་ཁོང་ཚོ་འཚོ་རྟེན་མེད་པར་འགྱུར་གྱི་ཡོད། འདི་ནི་ཡ་ང་པོའི་གནས་ཚུལ་ཞིག་རེད།

ངས་དཔེ་ཞིག་བཞག་ན། གལ་ཏེ་ facebook ཐོག་ལ་ལེགས་བཤད་ཚིག་འགའ་ཤས་བཀོད་ན་མི་ཉུང་ངུ་ཞིག་གིས་དེར་དགའ་མོས་བྱེད་ཀྱི་རེད། ཡང་གལ་ཏེ་རྙོག་གླེང་ཅན་གྱི་གནས་ཚུལ་ལམ་བརྗོད་གཞི་ཞིག་བཀོད་ན་མི་མང་པོ་ཞིག་གིས་དེར་དགའ་མོས་བྱེད་ཀྱི་རེད། ངའི་ནུབ་ཕྱོགས་པ་སྙན་གྲགས་ཅན་གྱི་གྲོགས་པོ་ཞིག་གིས་ང་ལ་བརྗོད་གསལ། གལ་ཏེ་ངས༌། ང་གྲོད་པ་ལྟོགས་ཀྱིས། ཤེས་བཀོད་ན་ང་ལ་དགའ་མོས་བྱེད་མཁན་འབུམ་ཕྲག་མང་པོས་དེར་དགའ་པོ་བྱེད་ཀྱི་འདུག རྒྱུ་མཚན་གང་ཡིན་ཤེས་ཀྱི་མི་འདུག་ཅེས་ཟེར་བྱུང༌། མོ་རང་གིས་བརྡ་འཕྲིན་འདྲ་མིན་བཀོད་དེ་ཚོད་ལྟ་བྱས་པར་གནས་འཕྲིན་བྱབ་ཆུང་རིགས་ལ་དགའ་མོས་ཆེ་ཤོས་བྱེད་ཀྱི་ཡོད་པ་ཤེས་འདུག འདིས་དེང་གི་འཛམ་གླིང་འདི་བློ་ཆུང་ཤེས་རྒྱ་མེད་པར་འགྱུར་གྱི་ཡོད་པ་སྟོན་གྱི་ཡོད་པས། ཡིད་གཟབ་བྱས་ཏེ་ཉོན་མོངས་ཀྱི་རྒྱ་རྙིའི་ནང་མ་ཚུད་པ་བྱེད་དགོས།

བླ་མའི་སྐོར་ཡང་སྐྱར་བཤད་ན། ད་ལྟ་ངའི་ལོ་མང་གི་སློབ་མ་སཻངྒ་དང་ཐུག་འཕྲད་ཀྱིས་ཅི་གྲོས་མོལ་གྲོས་ཤོད་རྒྱུ་བྱུང༌། ངའི་གྲོགས་པོ་དང་སློབ་མ་མང་ཆེ་བས་ཇར་མ་ནི་ནས་ཡིན་པའི་ངའི་སློབ་མ་སཻངྒ་ངོ་ཤེས་ཀྱི་རེད། ང་གཉིས་རྒྱ་གར་གྱི་སྐོར་དང༌། ཧི་མ་ལ་ཡའི་རི་རྒྱུད། ལ་དྭགས། བལ་ཡུལ་སོགས་སུ་བསྡད་པའི་སྐོར་བཤད་རྗེས་ངས་ཁོ་པར་རྒྱ་གར་གྱི་ས་ཁུལ་བཙོག་པ་དེ་ཚོར་དགའ་པོ་ཡོད་མེད་དྲིས་པར། ཁོས་ང་ལ་རྒྱ་གར་དུ་ནམ་བསླེབས་ནའང་དགའ་འཚོར་ཆེན་པོ་འདུག། ཁ་ལག་ཞིམ་པོ་འདུག བཙོག་པ་ཡོད་མེད་ཁྱད་པར་མི་འདུག མི་ཚོགས་ཆེ་བའི་ཁྲོམ་གཞུང་དུ་ཇ་འཐུང་རྒྱུར་དགའ་ཡོད། ལམ་འཕྲང་དོག་པོའི་ནང་མི་མཉམ་དུ་སྐད་ཆ་ཤོད་རྒྱུར་དགའ་པོ་ཡོད་ཅེས་བརྗོད་བྱུང༌། རྒྱ་གར་བའི་དབྱིན་སྐད་བརྒྱབ་སྟངས་མི་འདྲ་བ་ཞིག་ཡོད་སྟབས་སཻངྒ་ལགས་ཀྱིས་སྒྲ་ཚིག་གསར་པ་ཤེས་པ་རྣམས་ང་ལ་བཤད་བྱུང༌། རང་ཡུལ་དུ་གནས་ཚུལ་ག་འདྲ་ཡོད་མིན་འདྲི་སྐབས་སཻངྒ་ལགས་ཀྱིས་ཁོ་པའི་ཁང་ཁྱིམ་དེར་གྱེན་འཛེགས་མཐོ་ཙམ་ཡོད་ཅིང་ཁོ་རང་གི་མོ་ཏྲ་གསར་པར་དེར་ཤུགས་དེ་ཙམ་མེད་སྟབས་ཁང་པར་བསླེབ་ལ་ཁད་དེར་རང་གི་བུ་མོ་ཏ་ར་མོ་ཏྲ་འབུད་རྒྱག་གཏོང་བར་འབོད་ཀྱི་ཡོད་ཅེས་བརྗོད་བཞིན་གད་མོ་གད་ཀྱི་འདུག ངས་ཁོ་རང་ལ་དྭགས་ཧེ་མི་དགོན་པའི་འགྲེམ་སྟོན་ཁང་དུ་བསྒྱུར་བཀོད་ལས་ཀ་བྱེད་པར་བཏང་བ་དང༌། སྐབས་དེར་ཁ་བ་བབས་ཏེ་གྲང་ཚད་ཀླད་ཀོར་འོག་ཨང་གྲངས་ ༢༠ ཙམ་ལ་བསླེབས་ཡོད་པས་ལ་དྭགས་སུ་སྡོད་རིང་དཀའ་ངལ་མ་བྱུང་ངམ་ཞེས་དྲིས་པར་ཁོས། ཡིད་བཞིན་ནོར་བུ། གང་ཡང་མ་བྱུང༌། སྐྱིད་པོ་བྱུང༌། ཁ་ལག་ཞིམ་པོ་འདུག གནམ་གཤིས་གྲང་མོ་ཡིན་ནའང་ཡུལ་ལྗོངས་མཛེས་པོ་འདུག སྐབས་རེ་ཧེ་མི་ཕྱག་མཛོད་ཀྱིས་གཡག་གི་ཕྱུ་ར་འཁྱེར་ཡོང་དུས་ང་གཉིས་མཉམ་དུ་རྩམ་པ་བཟས་པ་ཡིན། ངས་ཇར་མི་ནས་རང་ཉིད་ལ་སྤྲོ་བཀུར་ཆེད་ཅོག་ལེ་ཏྲི་འཁྱེར་ཡོད་ཀྱང་དེར་དགོས་པ་མིན་འདུག ལ་དྭགས་སུ་བསླེབས་པ་དེ་ག་སྤྲོ་སྐྱིད་རེད་འདུག ང་འགྲེམ་སྟོན་ཁང་དུ་ལས་ཀ་བྱ་ཆེད་ལ་དྭགས་སུ་གཏོང་གནང་མཛད་པ་ཐུགས་རྗེ་ཆེ། ཞེས་ཟེར་བྱུང༌། གཡག་གི་ཕྱུ་ར་ཟེར་བ་ཞིག་དེ་སྔ་གོ་མ་མྱོང༌། ཧ་ཧ།

བླ་མ་ཞིག་ཡིན་པའི་ཆ་ནས་ངས་ལས་ཀ་ཡག་པོ་བྱས་འདུག་བསམ་པ་བྱུང༌། སཻངྒ་ལགས་ངེད་གཉིས་ཐོག་མར་ཐུག་དུས་གཉིས་ཀ་གཞོན་གཞོན་ཡིན་པ་དང༌། ཁོ་ང་ལས་ལོ་གཉིས་ཙམ་རྒན་པ་རེད། ལོ་ ༢༥ ཙམ་ཞིག་རིང་ཁོ་ལ་ལམ་སྟོན་བྱས་པ་ཡིན་ཅིང༌། ད་ཆ་ངས་ལས་ཀ་ཡག་པོ་བྱས་འདུག་སྙམ་པ་བྱུང༌། དེ་བཞིན་བཟང་མོ་ལགས་ངའི་སློབ་མར་གྱུར་ཏེ་ལོ་ཤས་མ་གཏོགས་ཕྱིན་མེད་ཀྱང་ཁོ་མོ་ལམ་འདི་ཐོག་བསྐྱོད་བཞིན་འདུག་སྙམ་གྱིས། ལོ་ཆེ་ཆུང་བྱས་ན་མོ་ང་ལས་རྒན་གྱི་རེད། ངས་ལོ་རྒན་གཞོན་སྐད་ཆ་ཤོད་དོན་ནི། ངའི་ཞབས་གྲས་བློ་བཟང་ང་གཉིས་ལོ་ཤས་གོང་མི་ཞིག་གིས་ཁོ་ལ་ནཱ་རོ་པའི་འཁྲུངས་ལོའི་སྐོར་རྩོད་པ་བྱས་པའི་སྐོར་གླེང་མོལ་བྱུང༌། མི་དེས་ནཱ་རོ་པ་ཕྱི་ལོ་ ༡༠༡༦ ལོར་འཁྲུངས་པ་ཡིན་སྲིད་ཀྱི་མ་རེད། གལ་ཏེ་ཕྱི་ལོ་༡༠༡༦ ལོར་འཁྲུངས་པ་ཡིན་ན་མར་པ་ཁོང་གི་སློབ་ཡོང་གི་མ་རེད། གང་ཡིན་ཟེར་ན་མར་པ་ཕྱི་ལོ་ ༡༠༡༢ ལོར་འཁྲུངས་པར་བཞེད་ཀྱི་ཡོད་ཅེས་བརྗོད་འདུག དེའི་དོན་ནི། ནཱ་རོ་པ་མར་པ་ལས་དགུང་ལོ་གཞོན་པ་ཡིན་ཙང་ནཱ་རོ་པ་མར་པའི་བླ་མ་ཡོང་སྲིད་ཀྱི་མ་རེད་ཟེར་བ་རེད། སློབ་མ་ལས་བླ་མ་ལོ་གཞོན་པ་ཡོང་མི་སྲིད་ཟེར་བའི་གཏན་ཚིགས་འདི་ཁྱད་མཚར་ཞིག་རེད། དེང་དུས་ཀྱི་སློབགསོའི་འགྲོ་སྟངས་བྱས་ན་སྐྱེ་བོ་གང་ཞིག་དགེ་རྒན་མ་བྱས་གོང་ལོ་མང་སློབ་གྲྭ་འགྲིམ་དགོས་པ་དང༌། དེ་ནས་མཐོ་རིམསློབ་གྲྭ་ཐོན་རྗེས་དགེ་རྒན་བྱེད་ཆོག་པ་ཡིན་པས་གོང་གི་རྒྱུ་མཚན་དེ་འགྲིག་གི་ཡོད་ཀྱང༌། སེམས་རྒྱུད་ཀྱི་རྟོགས་པའི་ཚད་ནི་སློབ་སྦྱོང་དང་བསྙེན་སྒྲུབ་ལོ་ཇི་ཙམ་བྱས་མིན་གྱིས་གཞལ་མི་ཐུབ། དེ་ནི་རང་ཉིད་ལ་ལེགས་བཅོས་ཇི་ཙམ་བྱུང་མིན་དང་རང་གི་སེམས་རྒྱུད་བཟང་དུ་ཇི་ཙམ་ཕྱིན་མིན་ལ་རག་ལུས་པ་ཡིན། ལོ་རྒན་གཞོན་གྱི་གནས་ཚུལ་འདིས་ཉིན་ཤས་གོང་བྱུང་བའི་སྐད་ཆ་དེ་དྲན་བྱུང༌།

ཐུག་འཕྲད་ཡོང་མཁན་ཚོས་གནས་ཚུལ་གང་སྤྱིའི་ཐད་དང་མི་གཞན་གྱི་སྐོར་དཀའ་སྡུག་ཤོད་པ་ཉན་རྒྱུར་ང་གོམས་འདྲིས་ཡོད་ཀྱང༌། ཁོང་ཚོ་རྒྱ་གར་དུ་ནམ་བསླེབས་ནའང་རྒྱ་གར་དང་རྒྱ་གར་བའི་སྐོར་སྐྱོན་བརྗོད་བྱེད་པ་གོ་དུས་སེམས་ལ་ཕོག་པོ་འདུག རྒྱ་གར་སྐྱོ་པོ་ཡོད་པ། མཁའ་རླུང་བཙོག་པོ་ཡོད་པ། མི་སྡུག་པོ་ཡོད་པ་སོགས་རྐྱང་རྐྱང་ལས་སྐད་ཆ་ཡག་པ་མི་ཤོད་ཅིང་མཐོང་ཆུང་བྱེད་བཞིན་ང་བླ་མར་བསྟེན་གྱི་ཡོད། སངས་གྱས་བཅོམ་ལྡན་འདས་རྒྱ་གར་བ་ཡིན་ཅིང༌། དཔལ་ནཱ་རོ་པ་དང་ཏི་ལོ་པ་ཡང་རྒྱ་གར་བ་ཡིན། ང་ཡང་རྒྱ་གར་བ་ཡིན། ཡང་རང་གི་ཕ་ཡུལ་དུ་བསླེབས་ན་རང་གི་བཟའ་ཟླ་དང༌། རྒྱལ་ཁབ། གནམ་གྲུ། མོ་ཏྲ། མཐའ་ན་ལྷམ་ལའང་སྐྱོན་བརྗོད་བྱེད་ཀྱི་འདུག་པ་མཐོང་དུས་མི་དེ་ཚོར་ང་སྙིང་རྗེ་གི་འདུག ཁོང་ཚོ་ཚོ་དེ་འདྲའི་མི་སྐྱིད་པ་དང་ཡིད་མུག་པ་ལ་ཨང༌། ང་ཉེ་ཆར་བདུན་ཕྲག་ཁ་ཤས་སྔོན་་ཨོག་སེ་ཕོརཌ་དུ་བསྐྱོད་སྐབས་དེང་སང་ཡིད་ཞུམ་པའི་སྡུག་བསྔལ་འདི་ནུབ་ཕྱོགས་རྒྱལ་ཁབ་དུ་གནད་དོན་ཆེན་པོ་ཡིན་སྐོར་ཤོད་མཁན་བྱུང༌།

ཉེ་ཆར་ངའི་ཆོས་བརྒྱུད་དང་ང་རང་སྒེར་གྱི་སྦྱིན་བདག་ཆེ་གྲས་ཤིག་ཐུག་འཕྲད་སྐབས་ཁོས་ལྷ་ཁང་ཞིག་ནང་བསླེབ་ན་སེམས་སྐྱིད་པོ་དང་ལྷོད་པོ་ཡོང་གི་འདུག དེ་མིན་སེམས་མ་སྐྱིད་པ་དང་གཉིད་མ་ཁུག་པ་སོགས་ཡོང་གི་འདུག་པས་ཁོ་རང་གི་ཁང་པའི་ཉེ་འགྲམ་དུ་ལྷ་ཁང་ཆེན་པོ་ཞིག་བརྩིག་གི་ཡིན་ཞེས་བརྗོད་བྱུང༌། མི་ཁ་ཤས་ཀྱིས་ཁོ་ཆོས་སེམས་ཆེན་པོ་ཞིག་ཡོད་པར་ངོས་འཛིན་བྱེད་སྲིད་ཀྱང༌། ངས་དེ་ལ་མོས་མཐུན་མེད། འདི་ནི་རང་ཉིད་སྐྱིད་པོ་ཡོང་ཆེད་མཚན་ཚོགས་ཞབས་བྲོ་དང༌། ཆང་རག ངག་འཁྱལ་སོགས་ལ་བརྟེན་པ་ལྟ་བུ་རེད། མཚན་ཚོགས་ཞབས་བྲོ་ཁང་གི་ཚབ་ཏུ་ལྷ་ཁང་བེད་སྤྱོད་བྱེད་ཀྱི་ཡོད་རེད། དེས་ཁོའི་སེམས་རྒྱུད་ནུས་ཆུང་ཡིན་པ་གསལ་པོ་རེད།

ང་ཚོ་ཚང་མའི་རྒྱུད་ལ་ཆོས་ཀྱི་རང་བཞིན་ཡོད་པ་དང༌། དེ་རྟོགས་པའི་ལམ་སྟོན་ཆེད་བླ་མ་མཚན་ལྡན་རྣམས་ཡོད་རེད། འགའ་ཞིག་གིས་རང་རྒྱུད་དུ་ཡོད་པའི་ནོར་བུ་འདི་རྙེད་ཡོད་པ་དང༌། དེ་མིན་གྱིས་ཉིན་མཚན་མེད་པར་སྨྱོན་པ་ལྟ་བུའི་བྱ་སྤྱོད་ཀྱིས་ནོར་བུ་འདི་ཕྱི་ནས་ཐོབ་ཐབས་བྱེད་ཀྱི་ཡོད་རེད། གོང་དུ་ཞུས་པའི་ངའི་གྲོགས་པོ་དེས་ཁོ་རང་གི་ཁང་པ་ཆེན་པོ་དེའི་ཉེ་འཁྲིས་སུ་ལྷ་ཁང་བརྩིགས་ཟིན་པས། ངས་ཁོ་ལ་ལྷ་ཁང་དེ་རང་གི་སེམས་ནང་བརྩིག་དགོས་པའི་བསླབ་བྱ་བྱེད་ཀྱི་ཡིན། བརྩོན་གྲུས་བྱས་ན་ལྷ་ཁང་བཟང་པོ་ཞིག་འགྲོ་གྲོན་མེད་པར་གཏན་གཏན་བསྒྲུབ་ཐུབ་ཀྱི་རེད། བདེ་སྐྱིད་ཀྱི་ལྷ་ཁང་དེ་རང་གི་སེམས་རྒྱུད་ལ་ཡོད་ཀྱང་ཉོན་མོངས་པས་སྒྲིབ་ཏེ་མ་མཐོང་བ་རེད། དེ་འདྲ་སོང་ཙང་ཕྱི་ལ་མ་འཚལ་བར་རང་གི་སེམས་རྒྱུད་ལ་བལྟས་ན་ལེགས་པ་དང་བརྟན་པ་ཡོད་རེད།

སཻངྒ་ལགས་དང་བཟང་མོ་ལགས་ལ་ལྟོས་དང༌། ཁོང་གཉིས་གང་དུ་བསྡད་ནའང་སྐྱིད་པོ་ཡོད་རེད། ཁོང་གཉིས་ས་ཆ་བཙོག་པ་ཐལ་ཚུབ་དཀྱིལ་དུའང་སྡོད་ཐུབ་ལ། སྐར་མ་ལྔ་ཅན་གྱི་མགྲོན་ཁང་ནང་གི་སྤྲོ་ཉམས་ཀྱང་སྤྱོད་ཐུབ་པ་ཡིན། བཟང་པོའི་བློ་ཡོད་པར་བརྟེན་རང་ཉིད་སྐྱིད་པོ་ཡོད་པ་ཙམ་མ་ཟད་གཞན་ཡང་སྐྱིད་པོ་འཇོག་ཐུབ་ཡོད་རེད། དེ་འདྲ་སོང་ཙང་ཁོང་གཉིས་ཀྱིས་ངའི་ཆོས་བརྒྱུད་ལ་ཞབས་ཕྱི་ཞུ་གི་ཡིན་ཟེར་དུས་ངས་ངོས་ལེན་བྱེད་ཀྱི་ཡོད། གང་ཡིན་ཟེར་ན་ཁོང་གཉིས་དངོས་གནས་གྲ་སྒྲིག་ཡོད་རེད། རྗེས་སུ་ང་ལ་དཀའ་རྙོག་བཟོ་གི་མ་རེད། དེ་འདྲ་སོང་ཙང་བླ་མ་ཞིག་ཡིན་པའི་ཆ་ནས་ངས་ཁོང་གཉིས་མཐོང་དུས་སྤོབས་པ་སྐྱེད་ཀྱི་འདུག ངའི་ལས་ཀ་འགྲིག་ཤག་བསམ་པ་ཡོང་གི་འདུག ངས་ཁོང་གཉིས་སངས་རྒྱས་ཚར་པ་རེད་ཟེར་གྱི་མེད། འཁོར་བར་འཁྱམ་པའི་སྐྱེ་འགྲོ་ཞིག་ཡིན་ཙང་ནོར་འཁྲུལ་ཡོང་གི་རེད། འོན་ཀྱང་ཡར་རྒྱས་ཀྱི་གོ་སྐབས་མང་བ་དང་བྱིན་བརླབ་འཇུག་རྒྱུ་དང་སློབ་སྟོན་ཞུ་རྒྱུའི་གོ་འཕར་ཕྱེ་ཡོད།

རང་གི་སློབ་མ་ཡར་རྒྱས་མ་ཕྱིན་པ་དང་སྡུག་སྐད་ཁོ་ན་བརྒྱབ་སྡོད་པ་མཐོང་བ་ལས་ཐབས་རྡུགས་པ་གང་ཡང་མེད། སྡུག་སྐད་མང་ཆེ་བ་ཆོ་མེད་དང་རང་གི་ཁེངས་དྲེག་དང་རྨོངས་པའི་དབང་གིས་བཟོས་པ་ཤ་སྟག་རེད། ཁོང་པོ་སྤྱང་གྲུང་མེད་པ་མ་རེད། བདག་འཛིན་ཆེན་པོ་དེས་རང་གི་སེམས་སྒོ་འབྱེད་བཅུག་གི་ཡོད་མ་རེད། སྡུག་སྐད་བརྒྱབ་རྒྱུ་དེ་མང་ཆེ་བ་བཟོད་སྲན་མེད་པའི་རྐྱེན་གྱིས་ཡོང་གི་ཡོད། ཁོང་ཚོས་མི་ཚང་མ་བཅད་སྒྲོམ་གུ་དོག་ཅིག་གི་ནང་འཇུག་འདོད་བྱེད་པ་དང༌། སྐབས་རེ་ང་ཡང་དེའི་ནང་བཙུགས་ཐབས་བྱེད་ཀྱིས། ཁོང་ཚོར་གཞན་གྱི་རྒྱུད་དང་རང་གི་མཐའ་སྐོར་དུ་ཡོད་པའི་ཡོན་ཏན་དང་ལེགས་ཆ་རྣམས་ལེན་པའི་བློ་རིག་མེད་སྟབས་སྡུག་སྐད་ཁོ་ན་བརྒྱབ་ཀྱི་ཡོད། རང་ཉིད་ཡར་རྒྱས་འབྱུང་ཐབས་སུ་གནད་དོན་འདི་ཐོག་འབད་རྩོལ་བྱེད་དགོས་པ་ཡིན།

ངའི་སློབ་མ་དང་གྲོགས་པོ་འགའ་ཞིག་ཆོས་མ་འཇུ་བའི་ནད་ཀྱིས་མནར་འདུག ཁོང་ཚོ་ཤེས་རྒྱ་ཆེ་ཐག་ཆོད་དེ་མི་གཞན་སུ་ལའང་མི་ཉན་པ་དང༌། གཞན་གྱི་བསམ་ཚུལ་ངོས་ལེན་བྱེད་ཐུབ་ཀྱི་མི་འདུག གང་དང་ཅི་ཡིས་ཁོང་ཚོ་བློ་མི་བདེ་བ་བཟོ་བ་དང༌། སྔོན་འགྲོ་ཚར་ཉི་ཤུ་ཙམ་བཏང༌། ལོ་མང་མཚམས་ལ་བསྡད། བསྙེན་སྒྲུབ་བྱས་རྗེས་བཟོད་སྲན་ཆེ་བ་དང་བློ་སྒོ་ཡངས་པ་ཆགས་རྒྱུའི་ཚབ་ཏུ་ང་རྒྱལ་ཆེ་རུ་འགྲོ་བ་འདི་ལ་ངས་ཆོས་མ་འཇུ་བའི་ནད་ཞེས་ཟེར་གྱི་ཡོད། སྔོན་འགྲོ་བཏང༌། མཚམས་ལ་བསྡད། སྔགས་བཟླས་བསགས་བྱས་པའི་རྗེས་ལ་རང་གིས་རང་ལ་བརྟགས་དཔྱད་བྱེད་རྒྱུ་དེ་གལ་ཆེན་པོ་རེད། ཕྱི་ཚུལ་དུ་ཡག་མདོག་བྱས་ཆོག་ཀྱང༌། རང་གི་སེམས་རྒྱུད་ལེགས་འགྱུར་བྱུང་མེད་ན་འགག་ལ་ཐུག་དུས་བྱབ་བསྐྱལ་གྱི་རེད། ཆོས་པ་ངོ་མ་ཞིག་ཡིན་ན་རང་ཉིད་ཀྱི་ཉེས་ཆ་མཐོང་བ་དང་ལེགས་བཅོས་བྱེད་རྒྱུར་སླར་ཡང་འབད་བརྩོན་བྱེད་ཆོག་གི་རེད། སླར་ཡང་རང་ཉིད་ལ་བརྟགས་དཔྱད་བྱེད་དགོས། སྡུག་སྐད་དང་སྐྱོན་བརྗོད་བྱེད་རྒྱུ་ཉུང་དུ་ཕྱིན་པ་དང༌། རྐྱེན་བཟང་ངན་དང༌། གྲོགས་པོ་དང་དགྲ། དགའ་དང་མི་དགའ་ཚང་མར་བཟང་ཕྱོགས་ཀྱི་ལྟ་བ་ཞིག་རང་གི་སེམས་རྒྱུད་ལ་འཆར་ཐུབ་པ་དང༌། དངོས་འབྲེལ་བཟོད་སྲན་ཆེ་བ་དང་བློ་སྒོ་ཡངས་པ་ཆགས་ཡོད་ན་རང་ཉིད་ཡར་རྒྱས་ཕྱིན་པའི་རྟགས་རེད། དེ་མིན་རང་རྒྱུད་ལེགས་བཅོས་ཡོང་ཕྱིར་སླར་ཡང་འབད་རྩོལ་བྱེད་དགོས་པ་ཡིན། ཆོས་པ་སྡུག་ཤོས་དེ་རང་ཉིད་ལམ་ལོག་ཏུ་ཕྱིན་པ་ངོས་ལེན་མི་བྱེད་མཁན་དེ་ཚོ་རེད། ཁོང་ཚོས་བྱས་ཚད་དང་མི་ཐུག་ཚད་ཚང་མ་ལམ་འགྲོ་ཡོང་གི་མ་རེད། སྒེར་སེམས་མེད་པའི་ཀུན་སློང་གིས་ལས་ཀ་བྱེད་འགོ་བཙུགས་ནའང་རང་གི་སེམས་རྒྱུད་ཆོས་ཀྱི་རང་བཞིན་ཅན་དུ་མ་འགྱུར་བར་ལམ་འགྲོ་ཡོང་རྒྱུ་ཁག་པོ་རེད། རང་རྒྱུད་ལ་ཡར་རྒྱས་དང་ལེགས་བཅོས་མ་བྱུང་བར་གནས་ཚུལ་ཡང་ཡང་བསྐྱར་བཟློས་ཀྱིས་མཐར་རླུང་ནད་ན་བ་དང༌། སུ་དང་ཅི་ལའང་མི་དགའ་བར་སྡུག་སྐད་དང་སྐྱོན་བརྗོད་ཁོ་ན་བྱེད་ཅིང་སྡོད་ཀྱི་རེད། ཆོས་མ་འཇུ་བའི་རྐྱེན་གྱིས་སྨྱོན་པི་ཆགས་ཀྱི་རེད།

ངས་སྐབས་སྐབས་ལ་ལས་ཀ་རེ་བསྐུལ་བ་དེ་ཡང་ཚོད་ལྟ་རེད། ལན་གཅིག་གཉིས་ཚད་མ་ལོངས་པའི་རྗེས་ཚོད་ལྟར་ཞུགས་དང་མ་ཞུགས་སམ། སངས་རྒྱས་ཀྱི་གོ་འཕང་ཐོབ་ཐབས་བྱེད་དམ་གནད་དོན་གཞན་ཞིག་འགྲུབ་ཐབས་བྱེད་དེ་སྒེར་སོ་སོའི་འདམ་ག་རེད། ངེད་ཚོའི་སྦྱོང་བརྡར་བསྟི་གནས་སུ་རང་རྒྱུད་ལ་ཡོད་པའི་ནོར་མཛོད་དེ་མངོན་དུ་འགྱུར་ཐབས་བསླབ་ཀྱི་ཡོད། མི་འགའ་ཤས་དེ་མངོན་འགྱུར་ཡོང་རྒྱུར་ཡུན་རིང་འགོར་བ་དང༌། ཡང་ཁ་ཅིག་ནི་དུས་ཚོད་ཐུང་ངུ་ལས་མ་འགོར་བར། ཆུ་ཚོད་ཁ་ཤས་གཏམ་གླེང་བྱས་རྗེས་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་བས། དེ་ནི་ལས་བཟང་ངན་དང་བདག་འཛིན༌། ཁེངས་དྲེགས་ཆེ་ཆུང་ལ་རག་ལུས་པ་ཡིན།

འཛམ་གླིང་འདི་ནང་ཚང་མ་གཅིག་ལ་གཅིག་རྟེན་ཡིན་པ་དང་མཉམ་གནས་དགོས་པ་དེ་ཤེས་དགོས། རང་གི་སྡུག་བསྔལ་དེ་གཞན་ལ་ཁག་དཀྲི་བྱེད་རྒྱུ་མཚམས་འཇོག་བྱེད་དགོས། རང་གི་བདེ་སྐྱིད་དེ་རང་ལ་རག་ལུས་པ་ཡིན། རང་རྒྱུད་ལ་སྦས་པའི་དཀྱེས་ཤིག་ཡོད་པ་དེ་འཚོལ་ལ་བདེ་སྐྱིད་ལྡན་པའི་མི་ཚེ་སྐྱོལ།

You are here: མདུན་ངོས། གསར་གནས། ༢༠༡༢ གསར་མཛོད། སེམས་རྒྱུད་ཚོད་ལྟ།