༢༠༡༢ གསར་མཛོད།

སྨན་སྣ་འཛོམས་པའི་འཛམ་གླིང༌།

༄༅། །འཛམ་གླིང་རྒོད་པོར་གྱུར་འདུག ག་དུས་ཡིན་ནའང་གནས་ཚུལ་སྡུག་ཅག བློ་ཕམ་ཅན། དྲག་རྩུབ་ཅན་ཁོ་ན་མཐོང་ཐོས་སུ་གྱུར་བ་དང༌། རང་ཉིད་བློ་སྟོབས་ཆེན་པོ་མེད་ན་རྒྱུད་ལམ་གྱིས་འུར་སྒྲོགས་བྱས་པའི་གནས་ཚུལ་འདི་ཚོས་ང་ཚོར་ཤུགས་རྐྱེན་ངན་པ་ཕོག་སྲིད་ཀྱི་རེད། ང་ཚོས་ཁ་ལག་ལ་སྨན་སྣ་བཏབ་པ་ཙམ་མ་ཟད་རང་གི་བསམ་བློར་ཡང་སྨན་སྣ་བཏབ་རྐྱེན་ངོ་མ་ཇི་ཡིན་དང་རྫུན་མ་ཇི་ཡིན་རྟོགས་ཐུབ་ཀྱི་མེད། སྐབས་རེ་ང་ཚོ་ཟློས་གར་མཁན་པོར་གྱུར་ཏེ་དགོས་མེད་ཀྱི་ཉམས་སྣང་མྱོང་གི་ཡོད། སྐབས་རེ་གཞན་གྱི་དོ་སྣང་ཐོབ་ཕྱིར་ནད་བརྫུས་བྱེད་པ་རེད། བྱ་དང་རི་དྭགས་སོགས་སྲོག་ཆག་གཞན་མ་རྩིས་པར་མི་འབོར་ཁྲག་ཁྲིག་ཆེན་པོ་བདུན་ཡོད་པའི་འཛམ་གླིང་འདིའི་ནང་ཁེར་རྐྱང་ཡིན་པའི་སྣང་བ་ཤར་གྱི་ཡོད།

ང་ཚོས་ག་རེ་བྱེད་ཀྱི་ཡོད་དམ། རང་ཉིད་སྡུག་བསྔལ་ཁོ་ན་མྱོང་བའི་ལས་ཅིའི་ཕྱིར་བྱེད་ཀྱི་ཡོད་དམ། སྔོན་གྱི་སྐྱེས་ཆེན་རྣམས་ཀྱིས་རང་གི་བདེ་སྐྱིད་དེ་གཞན་ལ་རག་ལུས་པ་གསུངས་པ་དེ་གོ་ནོར་གྱིས་མི་གཞན་གྱིས་རང་ཉིད་སྐྱིད་པོ་འཇོག་དགོས་དང༌། རང་གི་དགོས་འདོད་ཆུང་ཙག་ཡན་གཞན་གྱིས་འགྲུབ་དགོས་ཀྱི་རེད་བསམ་ན་དེ་ནོར་འཁྲུལ་རེད། རང་གི་བདེ་སྐྱིད་གཞན་ལ་རག་ལུས་པ་ཡིན་ཟེར་དོན་ནི། གཞན་ལ་བདེ་སྐྱིད་བྱུང་ན་རང་ཤུགས་ཀྱིས་རང་ལ་བདེ་སྐྱིད་འབྱུང་བ་ཡིན།

ཕྲུ་གུ་མ་འབྱར་ལྟ་བུ་གཞན་གྱི་བྱམས་བརྩེ་ཐོབ་ཐབས་སུ་ངུ་འབོད་བྱས་ཏེ་གང་ཡོང༌། རང་ཉིད་བརྩེ་བར་འོས་པ་ཞིག་ཡོད་དམ། སེམས་བཟང་པོ་ཡོད་དམ། རྒྱུ་མཚན་མ་ལྡན་པའི་ལས་བྱས་ཡོད་དམ། བྱམས་བརྩེ་བྲལ་བའི་ལས་བྱས་ཡོད་དམ། རང་ཉིད་ལ་བརྩེ་གདུང་བྱེད་པ་ནི་གཞན་ལ་བརྩེ་གདུང་བྱེད་པ་ཡིན། ཆ་རྐྱེན་བྲལ་བའི་བྱམས་བརྩེ་དགོས། ཆ་རྐྱེན་ལྡན་པའི་བྱམས་བརྩེ་དེ་དང་མཉམ་དུ་ཆ་རྐྱེན་ལྡན་པའི་རེ་བ་ཞིག་ཡོང་བ་ཡིན། ཚོང་ལས་མ་འཇོག་བྱེད་མཁན་ལྟ་བུས་སྤྱང་གྲུང་འཛོམས་པོས་བདེ་སྐྱིད་ལ་མ་འཇོག་བྱེད་དགོས། རང་གི་བྱམས་བརྩེ་དེ་དམིགས་མེད་ཡིན་ན་མཁའ་དང་མཉམ་པའི་སེམས་ཅན་གྱིས་རང་ལ་བྱམས་བརྩེ་བྱེད་པ་ཡིན་པས། འདི་ངོ་མཚར་ཆེན་པོ་མ་རེད་དམ། ང་ཚོས་བསྒྲུབ་དགོས་པ་དེ་འདི་མ་རེད་དམ།

ཆོས་ཀྱི་ཉམས་ལེན་ནི་གོ་རྟོགས་བདེ་པོ་འདི་འདྲ་ཞིག་རེད། གཞན་གྱི་བདེ་སྐྱིད་ཆེད་ང་ཚོས་སྨོན་ལམ་བྱེད་པ་དང༌། སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་ཡོང་བའི་སྨོན་ལམ་བཟང་པོ་དེས་རང་གི་སྲོག་འཁྲོག་པར་བརྩམས་མཁན་ཡང་ཞི་བར་བྱེད་ནུས་པ་ཡིན། དམིགས་པ་མེད་པའི་བྱམས་བརྩེར་་ནུས་མཐུ་འདི་འདྲ་ཞིག་ཡོད། འདི་ང་ཚོས་མ་ཤེས་སྟབས་རང་གི་སྡུག་བསྔལ་ཐམས་ཅད་གཞན་ལ་ཁག་དཀྲི་བྱེད་པ་དང༌། གློག་བརྙན་འཁྲབ་པ་ལྟ་བུའི་ཟློས་གར་དེ་རང་གི་སྡུག་བསྔལ་གྱི་རྐྱེན་ཡིན་པ་ཤེས་ཀྱི་ཡོད་མ་རེད། མི་ཚེའི་ནང་གི་སྡུག་བསྔལ་འདྲ་མིན་དེ་རང་གིས་བཟོས་པ་དང་འཁོར་བ་འདི་ནི་སྡུག་བསྔལ་གྱི་སྨན་སྣ་འཛོམས་པོ་ཞིག་ཡོད།

འཁོར་བ་འདི་ནི་བསམ་བློ་བཏང་ནའང་མགོ་ན་བ་ཞིག་ཡོད་པས་དེར་སྨན་སྣ་བསྣན་ནས་ཅི་བྱེད། བློ་གུ་ཡངས་པོ་བྱོས། རང་དབང་དང་བདེ་སྐྱིད་ངང་སྡོད། མི་ཚེ་གཅིག་མ་གཏོགས་མེད་པ་ལྟ་བུས་སེམས་བཟང་པོ། བྱམས་པའི་བློ་དང་ལྡན་པ༌། བསམ་ཤེས་ལྡན་པ་བྱས་ཏེ་མི་ཚེ་དེ་དོན་དང་ལྡན་པ་བྱོས་ཤིག

བསམ་ཤེས་ནི་ཕྱོགས་ཉིས་འགྲུལ་ཡིན་ཀྱང༌། ང་ཚོས་རང་འདོད་ཀྱི་སྨན་སྣ་བཏབ་རྐྱེན་རང་ཕྱོགས་ཁོ་ན་བལྟ་བ་དང༌། རང་དོན་མ་འགྲུབ་ན་མིག་ཆུ་མ་ཤོར་བར་སྨན་སྣ་བསྣན་གྱི་ཡོད། སྨན་སྣ་བསྣན་དྲགས་ན་སྨྱོན་པ་དང་རྒོད་པོ་ཆགས་ཀྱི་རེད།

སྨན་སྣས་སྤྲས་པའི་འཛམ་གླིང་འདིར་བལྟ་བཞིན་རྙོག་འཛིང་ཅན་གྱི་འཁོར་བ་འདིའི་ནང་མི་ཚོས་མི་ཚེ་བསྐྱེལ་སྟངས་ལ་བལྟས་ན་ང་གོ་རྟོགས་བྲལ་བས་མགོ་དབྱུགས་དགོས་པ་ཡོང་གི་འདུག བདེ་བ་དགོས་ན་འཁྲུལ་སྣང་གི་འཛམ་གླིང་ནང་རང་ཉིད་སྲེག་ཏེ་ཅི་བྱེད། འཆར་སྣང་ཡོད་པ་ཙམ་གྱིས་སྡུག་ཅག་ཡིན་ཅིང༌། དེའི་ཐོག་སྨན་སྣས་སྤྲས་པའི་འཆར་སྣང་བསྣན་ན་འབྲུག་པའི་སི་པན་ཐོག་རྒྱ་གར་གྱི་སི་པན་བསྣན་པ་ལྟ་བུས་འཚིག་གི་རེད།

རང་གི་མི་ཚེར་སྨན་སྣས་སྤྲས་རྒྱུར་དགའ་མོས་ཡོད་པ་ཞིག་ཡིན་ན་ངའི་བསླབ་བྱ་མ་ཉན་པ་མཚོན་པས་སླར་ངའི་སར་མ་ཡོང༌། ཁྱོད་ཀྱིས་རངཉིད་ཀྱི་མི་ཚེ་ཁག་པོ་བཟོས་པ་ཙམ་མ་ཟད་གཞན་ལའང་དཀའ་ངལ་བཟོ་བ་ཡིན་པས་བྱང་ཆུབ་སེམས་དཔའི་ཉམས་ལེན་རང་རྒྱུད་ལ་སྐྱེས་མེད་པའི་རྟགས་ཡིན། ཕྱིར་ལོག་ཏེ་ཉམས་ལེན་བྱེད་ཅིང་རང་རྒྱུད་ལ་བརྟགས་དཔྱད་བྱོས། ཕྱིས་མ་དྲགས་པའི་གོང་དུ་འཁྲུལ་སྣང་ཐམས་ཅད་ད་ལྟ་ཉིད་དུ་རང་གི་སེམས་ནང་ནས་ཕྱུངས་ཤིག

འཁྲུལ་སྣང་གི་འཛམ་གླིང་འདིའི་ནང་བདེ་སྐྱིད་ཀྱི་དམག་འཐབ་པ་གྱིས། ངས་འཁྲུལ་སྣང་གི་ལྟད་མོ་ཞིག་བཟོས་པ་ཁྱེད་ཚོར་བསྟན་རྒྱུ་ཡིན་པས་ཁྱེད་ཚོ་ངུ་མ་ཤོར་བའི་རེ་བ་ཡིན།

You are here: མདུན་ངོས། གསར་གནས། ༢༠༡༢ གསར་མཛོད། སྨན་སྣ་འཛོམས་པའི་འཛམ་གླིང༌།