༢༠༡༢ གསར་མཛོད།

ཁྱེད་སྐོགས་མཁྲེགས་འབྲས་བུ་ཞིག་ཡིན་ནམ།

༄༅། །སྤྱི་ཚོགས་གང་རུང་ངམ། འཛམ་གླིང་འདི་ཡོངས་སེམས་ཅན་རིགས་འདྲ་མིན་ལས་སྒྲུབ་པ་ཞིག་ཡིན་པས། ང་ཚོ་འདོད་ནའང་མའདོད་ནའང་མཉམ་གནས་དགོས་པ་རེད། གལ་ཏེ་དྲི་ཤོག་ཞིག་བཟོས་ཏེ་མི་ཚོར་བདེ་སྐྱིད་ཡོང་བར་གང་དགོས་སམ་ཞེས་དྲིས་ན་ཕལ་ཆེ་བས་ཞི་བདེའི་གནས་ཤིག་དང་མཚན་མོ་དངངས་སྐྲག་མེད་པར་གཉིད་ཉལ་རྒྱུ་དགོས་ཟེར་མདོག་ཁ་པོ་རེད།

ཉིན་ཤས་གོང་གུ་རུ་སངྒམཾ་ཞེས་པའི་ཚོགས་པས་ཆོས་ཀྱི་འདུ་ཚོགས་ཤིག་ཏུ་ང་འབོད་བྱུང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེའི་སར་ཧིནྡྷུ་དང༌། གཅེར་བུ་པ། སིཀ། ནང་པ་བཅས་ཀྱི་ཆོས་དཔོན་ལྷན་འཛོམས་བཀྲག་མདངས་ལྡན་པ་ཞིག་འདུག ཚང་མས་ཕན་ཚུན་ངོ་ཤེས་དང་ཆོས་བརྒྱུད་གཞན་གྱི་སྐོར་ཤེས་འདོད་ཆེན་པོ་བྱེད་ཀྱི་འདུག བགྲོ་གླེང་དང་གྲོས་བསྡུར་བྱས་འབྲས་སུ་ཚང་མས་ཞི་བདེ་མཐུན་བསྒྲིལ་འདོད་པ་གསལ་པོ་འདུག སྙིང་རྗེ་དང་བྱམས་བརྩེས་བཏུམ་པའི་ཐབས་མཁས་དེ་སྔ་བྱུང་མེད་རུང༌། ཕན་ཚུན་འབྲེལ་ལམ་ཇི་ཆེར་འགྱུར་ན་ཕན་ཚུན་རོགས་ཕན་བྱེད་རྒྱུའི་ཐབས་ལམ་རྙེད་ཀྱི་རེད།

བྱམས་དང་སྙིང་རྗེ་མ་སྦྱང་ཞིང༌། ཕྱིའི་འཛམ་གླིང་ནང་གནས་ཚུལ་ཇི་ལྟར་ཡོད་མ་རྟོགས་པར་ང་ཚོ་རང་སོ་སོའི་ཚང་དུ་འཛུལ་ནས་བསྡད་ཡོད་པ་རེད། ང་ཚོ་མང་ཆེ་བ་སོ་སོའི་བློས་བཅོས་པའི་འཛམ་གླིང་ཞིག་ནང་གནས་ཤིང་གཞན་དང་འབྲེལ་འདྲིས་མེད་པ་རེད། ང་ཚོ་སོ་སོའི་འཆར་སྣང་གི་འཛམ་གླིང་ནང་གནས་ཡོད། གཞན་དང་རྟེན་འབྱུང་གི་འབྲེལ་བ་མ་ཤེས་སྟབས་བྱམས་སྙིང་རྗེ་རྒྱུད་ལ་མ་འབྱོང་བས་་རིམ་པས་ང་ཚོ་སྐོགས་མཁྲེགས་སུ་གྱུར་བ་རེད། འཛམ་གླིང་འདིའི་ནང་ཞི་བདེ་བག་ཕེབས་ངང་མི་ཚེ་བསྐྱེལ་འདོད་ན་སེམས་ཅན་གཞན་དང་འབྲེལ་བ་བྱེད་དགོས་པ་རེད། ང་ཚོའི་བདེ་སྐྱིད་གཞན་ལ་རག་ལུས་པ་དང༌། གཞན་གྱི་བདེ་སྐྱིད་ང་ཚོར་རག་ལུས་ཡོད། སྐོགས་མཁྲེགས་དེའི་ནང་ནས་ཕྱིར་ཐོན་ཏེ་ལམ་དུ་ཞུགས་དགོས་པ་ཡིན། དེ་མིན་སྐོགས་མཁྲེགས་ནང་ཚུད་པའི་འབྲས་བུ་བཞིན་གནས་ཀྱི་རེད།

ངའི་གྲོགས་གསར་སཱད་གུ་རུས། སྐོགས་ཤུན་དེ་ལས་མ་འཐོན་བར་དུ་སྐྱེ་བོ་གང་ཞིག་སྐོགས་མཁྲེགས་འབྲས་བུ་བཞིན་དུ་གནས་ཀྱི་རེད་ཟེར་སོང་བ་དེ་བདེན་པ་རེད།

ང་ཚོ་ཆོས་ལུགས་ཐ་དད་པ་ཇི་ཙམ་ཡིན་པ་དེ་ཙམ་གྱིས་ཕན་ཚུན་ཤེས་རྟོགས་ཡོང་ཆེད་གླེག་བསྟེག་ཅིག་དགོས་ངེས་ཆེ་བ་ཡོད། ཤེས་རྟོགས་མེད་པའི་རྐྱེན་གྱིས་ཆོས་ལུགས་གཞན་ཞིག་སྐོར་གོ་མ་ཐག་ནོར་འཁྲུལ་ཅན་གྱི་བསམ་བློ་ཞིག་དེ་མུར་འཆར་ཡོང་བ་ཡིན། དེ་འདྲ་སོང་ཙང་ང་ཚོ་ཚང་མ་སྐོགས་ཤུན་གྱི་ཕྱིར་ཐོན་དགོས་པ་དེ་གལ་གནད་ཆེན་པོ་ཡིན།

དཔེར་ན་འདྲ་པར་ནང་ཆོས་དཔོན་ཁ་ཅིག་ཁ་རས་བཀབ་པ་དང༌། རྐང་རྗེན་ཡོད་པ་དེ་ནི་གཅེར་བུ་པའི་ལུགས་ཀྱི་སྙིང་རྗེ་ཉམས་སུ་ལེན་སྟངས་ཡིན། དབུག་གཏོང་ལེན་སྐབས་དང་ལྷམ་གྱོན་ནས་སྲོག་ཆགས་ལ་གནོད་འཚེ་མི་ཡོང་ཆེད་ཁ་རས་བཀབ་པ་དང་རྐང་རྗེན་འགྲོ་བ་རེད།

ད་རེས་ཀྱི་འདུ་ཚོགས་སྐབས་ཚིག་ཡིད་ལ་འཇུག་པོ་གཅིག་བརྗོད་སོང་བ་དེ་ནི། སྣ་མང་མཐུན་བསྒྲིལ། ཞེས་པ་དེ་ཡིན། ངས་རྒྱུན་དུ་ཤོད་རྒྱུ་དེ་ག་རེད། བརྩི་བཀུར་དང་ཡི་རངས། རིང་ལུགས་མི་མཐུན་པར་བརྩི་བཀུར་དང་མཛའ་བརྩེའི་འབྲེལ་བར་ཡི་རངས་བྱས་ན་རང་གི་མི་ཚེའི་ནང་དང་འཛམ་གླིང་སྤྱིར་ཞི་བདེ་འབྱུང་བ་ཡིན། འདི་འདྲ་བྱས་ན་ཞིང་ཁམས་གཞན་འཚོལ་མི་དགོས་པར་འཛམ་གླིང་འདི་ནང་ཞིང་ཁམས་རྙེད་ཀྱི་རེད།

ང་ཚོའི་མི་ཚེའི་ནང་དཀའ་ངལ་དང་གློ་བུར་ཐོལ་རྒྱག་གི་གནས་ཚུལ་མང་པོ་ཡོང་གི་ཡོད། དེར་བརྟེན་མི་ཚེའམ་འཁོར་བ་མི་རྟག་པ་རེད་ཅེས་ཟེར་བ་ཡིན་པས། མི་རྟག་པའི་གནས་ཚུལ་ཇི་བྱུང་དང་རང་དོན་མ་སྒྲུབ་པར་སྡུག་སྐད་བརྒྱབ་ནས་སྡོད་པའམ། དེ་གོ་སྐབས་སུ་འཛིན་ནས་ཆོས་ཉམས་ལེན་བྱེད་དེ་རང་གི་གདམ་ག་རེད། མི་རྟག་པར་གཙིགས་མཐོང་བྱེད་དགོས་ལ་ཡི་རངས་ཡང་བྱེད་དགོས། འདི་འདྲ་བྱས་ན་མི་ཚེ་བཟོད་སྲན་ཐུབ་པ་མ་ཟད་ལོངས་སུ་སྤྱོད་ཐུབ་པ་ཡོང་གི་རད།

རང་འདོད་ལྟར་བྱ་བ་འགྲུབ་ཐབས་གཏན་ནས་མེད་པས་མི་འཛིན་པ་ཆེན་པོ་དེ་ཚོར་སྡུག་བསྔལ་ཆེ་བ་ཡོད། སངས་རྒྱས་སམ་དཀོན་མཆོག་རང་གི་མདུན་དུ་དངོས་སུ་ཕེབས་ནའང་ང་ཚོའི་འདོད་པ་ལྟར་བྱ་བ་འགྲུབ་པའི་དམ་བཅའ་བྱེད་ཀྱི་མ་རེད། གལ་ཏེ་དམ་བཅའ་དེ་འདྲ་ཞིག་གནང་ན་དེར་ཡིད་ཆེས་མ་བྱེད། ང་ཚོས་རྒྱུན་དུ་སྨོན་ལམ་རྒྱབ་དུས་བསམ་དོན་ཆོས་བཞིན་འགྲུབ་པའི་སྨོན་ལམ་བྱེད་པ་ལས་རང་འདོད་བཞིན་འགྲུབ་པའི་སྨོན་ལམ་བྱེད་ཀྱི་མེད།

ང་ཚོས་གཞན་ལ་འགྱུར་བའམ་ལེགས་བཅོས་བྱེད་ཐུབ་ཀྱི་མ་རེད། ང་ཚོས་རང་ཉིད་འགྱུར་བ་དང་ལེགས་བཅོས་བྱེད་ཐུབ་ཀྱི་རེད། ང་ཚོས་ཕྱི་སྐོགས་བཅག་ཏེ་སྐོགས་མཁྲེགས་འབྲས་བུ་ལྟར་གནས་རྒྱུ་མཚམས་འཇོག་ཐུབ་པ་ཡིན། དུས་རྒྱུན་ང་ཚོས་གཞན་ལ་འགྱུར་ཡོང་ཐབས་དང་བྱ་བ་ཚང་མ་རང་འདོད་ལྟར་འགྲུབ་ཐབས་བྱེད་ཀྱི་ཡོད། ང་ཚོས་གཞན་གྱི་འདོད་པ་དང་གནས་སྟངས་ལ་བསམ་ཤེས་བྱེད་ཀྱི་མེད། ཕྱོགས་གཅིག་གྱི་འགྲུལ་བཞུད་ལས་ཕྱོགས་ཉིས་འགྲུལ་བྱེད་ཀྱི་མེད། འདི་འདྲ་ཁོ་ན་བྱས་ན་དཀའ་ངལ་འཕྲད་ཅིང་གོ་ནོར་གྱིས་གྲོགས་པོ་དགྲ་རུ་འགྱུར་བ་དང་གནས་ཚུལ་ཇི་སྡུག་ཇེ་ཞན་དུ་འགྲོ་རྒྱུ་ཉག་ཅིག་རེད། རང་འདོད་གཞན་ལ་བཙན་སྐུལ་ཁོ་ན་བྱས་ན་མཐའ་འབྲས་སུ་རང་ཉིད་སྐོགས་མཁྲེགས་འབྲས་བུར་འགྱུར་བ་ཙམ་མ་ཟད་སྨྱོན་པ་ཆགས་ཀྱི་རེད། གང་ཡིན་ཟེར་ན་ང་ཚོའི་རང་འདོད་ལྟར་འཛམ་གླིང་འགྱུར་གྱི་མ་རེད་ལ། མི་གཞན་གྱིས་ཁྱེད་རང་གི་འདོད་པ་རྟག་ཏུ་ངོས་ལེན་བྱེད་ཀྱི་མ་རེད་ན། སྐར་མ་རེ་རེ་བཞིན་རང་ཉིད་མ་སྐྱིད་པ་དང༌། ཁོང་ཁྲོ་ཆེ་བ་སོགས་སེམས་འཚོར་ངན་པ་ཁོ་ན་འབྱུང་བ་ཡིན། དུས་ཐོག་ཏུ་རང་ཚོད་ཟིན་མ་ཐུབ་ན་ལུས་སེམས་གཉིས་ཀ་ནད་ཀྱིས་མནར་གྱི་རེད།

གུ་རུ་སངྒམཾ་དེ་ཉིན་གཅིག་གི་འདུ་ཚོགས་ཡིན་རུང༌། ང་མགྲོན་འབོད་བྱུང་བ་དང་དེར་འགྲོ་ཐུབ་པ་དེ་དགའ་པ་བྱུང༌། དེར་གཏམ་བཤད་དང་གྲོས་འགོ་འདོན་མཁན་ཆོས་དཔོན་ཚང་མས་གཞན་ལ་རོགས་ཕན་གྱི་འབད་རྩོལ་ཆེན་པོ་བྱས་འདུག ཁོང་ཚོའི་གཞན་ཕན་གྱི་བྱ་བས་སེམས་ཅན་དེ་བས་མང་བར་ཕན་ཐོག་ཡོང་རྒྱུར་ངས་སྙིང་ཐག་པ་ནས་སྨོན་ལམ་བྱེད་ཅིང༌། ཕན་ཚུན་ཤེས་རྟོགས་ཡོང་སླད་མ་འོངས་པར་འབྲེལ་ལམ་དེ་བས་མང་བ་ཡོང་བ་དང༌། སྣ་མང་མཐུན་བསྒྲིལ་བརྒྱུད་ཚང་མ་ཡར་རྒྱས་ཡོང་བའི་རེ་བ་ཡོད།

You are here: མདུན་ངོས། གསར་གནས། ༢༠༡༢ གསར་མཛོད། ཁྱེད་སྐོགས་མཁྲེགས་འབྲས་བུ་ཞིག་ཡིན་ནམ།