༢༠༡༢ གསར་མཛོད།

ཁ་ཤས་ལག་ལེན་བྱེད་པ།

༄༅། །ད་ཆ་ཁྱེད་ཚོ་མང་ཆེ་བར་ངའི་སྨྱོན་པའི་བྱེད་ལུགས་དང་རང་ཤུགས་ཀྱི་འབྲི་སྟངས་དང་ལས་ཀ་བྱེད་སྟངས་དེ་རྒྱུས་མངའ་ཡོད་ཀྱི་རེད། ང་བཅོས་མའི་རྣམ་འགྱུར་སྟོན་རྒྱུ་དང་མ་ཡིན་ཡིན་མདོག་བྱེད་ཤེས་ཀྱི་མེད། མི་མང་པོ་ཞིག་ངའི་བྱེད་སྟངས་དང་ཆོས་བཤད་སྟངས་རྗེས་སུ་དཔོག་ཁག་པོ་མཐོང་གི་ཡོད་ཅིང༌། བླ་མ་གཞན་དང་བསྡུར་ན་ང་དེ་ཙམ་སྙན་གྲགས་མེད་ལ། རྗེས་འཇུག་ཀྱང་མང་པོ་མེད། སྙན་གྲགས་ཡོད་མེད་ཁྱད་པར་མེད་ཅིང་ངས་སེམས་ཅན་ཁ་ཅིག་ལ་ཕན་ཐོག་ཡོང་གི་ཡོད་པའི་རེ་བ་ཡོད།

ང་ནི་སྐྱེས་བུ་དམ་པ་ཞིག་མིན་ཅིང་འཁོར་བར་འཁྱམ་བཞིན་མི་ཡག་པོ་ཞིག་ཆགས་ཐབས་དང་ང་ཚོའི་རྣལ་འབྱོར་གྱི་བརྒྱུད་པ་འདི་མི་ཉམས་རྒྱུན་འཛིན་ཡོང་བའི་འབད་རྩོལ་བྱེད་ཀྱི་ཡོད། སྐབས་རེ་ང་ཚོ་ཚང་མ་རང་གི་ཆོས་བརྒྱུད་ཤུལ་བཞག་ཉམས་བརླག་ཕྱིན་ནའང་སྣང་མེད་དུ་འཇོག་མཁན་སྒྲུབ་ཐོབ་ཤ་སྟག་ཡིན་ནམ་སྙམ་གྱིས། འདི་ནི་ལོ་བརྒྱ་ཕྲག་འགའ་ཕྱིན་པའི་ལོ་རྒྱུས་་ཉམས་དམའ་པོ་ཞིག་ཡིན། བརྒྱུད་པ་རིན་པོ་ཆེའི་རི་བོ་ལྟ་བུ་ཉམས་བརླག་ཕྱིན་ཡོད་རུང་ང་དང་ངའི་མཆེད་གྲོགས་རྣམས་ཅི་བྱ་ལྟོས་མེད་ངང་གནས་ཡོད། གཞན་གྱིས་ང་ཚོའི་གནས་སྟངས་ཀྱི་ཁེ་ཕན་བླང་གི་ཡོད་ཀྱང་ང་ཚོས་སྣང་མེད་དུ་འཇོག་གི་ཡོད། འདི་གནས་ཚུལ་ཚབ་ཆེན་ཞིག་རེད། ཆོས་ལས་ཕྱིའི་དངོས་པོ་གལ་ཆེ་བར་བརྩི་བའི་འཛམ་གླིང་དོ་སྙོམ་མེད་པ་ཞིག་གི་ནང་ང་ཚོས་གནས་ཡོད་སྟབས་ཡང་དག་ཡོང་ཐབས་དཀའ་མོ་ཡིན།

འདི་སུའི་འདྲ་པར་ཡིན་ནམ་སྙམ་གྱི་ཡོད་འགྲོ། ངས་ཁོང་མཇལ་མ་མྱོང༌། དེ་རིང་ངའི་ཡབ་དང་ང་གཉིས་ཁོང་གི་སྐོར་ལ་གླེང་མོལ་བྱུང༌། ངས་རྒྱུན་དུ་རང་ཉིད་གཞན་ལ་མིག་དཔེ་ཡག་པོ་ཞིག་བྱེད་དགོས་པ་ནན་བཤད་བྱེད་པ་ཁྱེད་ཚོས་ཧ་གོ་རེད། མིག་དཔེ་བཟང་པོ་ཞིག་བྱས་ན་རང་ཉིད་གཞན་གྱི་དགེ་བའི་གྲོགས་སུ་འགྱུར་བ་ཡིན། འདི་ནི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཡིན་ཅིང༌། ཁོང་ནི་གྲྭ་པ་བཟང་པོ། ཆོས་པ་ཟོལ་མེད། དགེ་བའི་བཤེས་གཉེན་མཚན་ལྡན། སངས་རྒྱས་བསྟན་པའི་རྗེས་འཇུག་ཡང་དག་ཅིག་རེད། ངས་ཁོང་གི་སློབ་མ་དང་རྗེས་འཇུག་ཚོར་བླ་མ་མཚན་ལྡན་ཁོང་འདྲ་ཞིག་ཐོབ་པར་འཚམས་འདྲི་ཞུའོ།

ཁོང་ནི་ངའི་ཡབ་ཀྱི་གྲོགས་པོ་༧སྐྱབས་མགོན་མཁན་ཆེན་འཇིགས་མེད་ཕུན་ཚོགས་དམ་པ་དེའི་ཞལ་སློབ་ཡིན། ༧སྐྱབས་མགོན་འཇིགས་མེད་ཕུན་ཚོགས་ལྟ་བུའི་སྐྱེས་ཆེན་དམ་པ་ལོ་བརྒྱ་ཕྲག་བཞུགས་དགོས་པ་ཡིན་ཡང་དགུང་ལོ་བདུན་ཅུའི་ཐོག་ཞིང་ལ་གཤེགས་པ་རེད། ཁོང་ངའི་ཡབ་དང་དགུང་མཉམ་ཡིན་ཅིང༌། མཛད་པ་བསྐྱངས་སྟངས་ང་འདྲ་ཡོད་ཀྱང་ང་ནི་ཁོང་ལྟ་བུའི་སྐྱེས་ཆེན་ཞིག་མིན། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ནི་ཁོང་གི་ཕྱག་གཡས་པ་ལྟ་བུ་རེད།

དགེ་བའི་བཤེས་གཉེན་ན་གཞོན་ཚོས་རང་གི་ནུས་སྟོབས་སེམས་ཅན་གཞན་ལ་ཕན་པ་བསྒྲུབ་ཕྱིར་སྤྱད་དགོས། མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་དགེ་འདུན་པ་ཚོར་སྲོག་གཅོད་སྤོང་དགོས་པ་དང༌། ལོ་མང་མཚམས་ལ་བསྡད་དེ་ཆོས་མི་འཇུ་བ་ཡོང་བ་ལས་གཞན་ཕན་གྱི་ལས་བསྒྲུབ་རྒྱུ་གལ་ཆེ་བ་ཡིན་པ། དགེ་འདུན་རྣམས་ཟོག་བརྫུ་མེད་པར་རྣམ་དག་དགོས་པའི་ལམ་སྟོན་རྒྱུད་སྐུལ་གནང་བ་དེར་ང་ཡིད་སྨོན་བསྐྱེད་ཀྱི་འདུག ཁོང་ད་ལྟ་དགུང་ལོ་གཞོན་གཞོན་ཡིན་པ་དང་ངས་ཁོང་སེམས་ཅན་གྱི་དོན་དུ་སྐུ་ཚེ་རིང་པོ་བཞུགས་པའི་གསོལ་སྨོན་ཞུ་བཞིན་ཡོད།

ཆོས་ལུགས་གང་ཞིག་ཡིན་རུང༌། ང་ཚོར་དགེ་བའི་བཤེས་གཉེན་རང་གི་བསླབ་བྱ་རང་གིས་ལག་ལེན་བྱེད་ཅིང་རྗེས་འཇུག་བྱམས་བརྩེས་སྐྱོང་མཁན་ཞིག་དགོས། དེང་སང་ཆོས་དང༌། སྲིད། ཚོང་སོགས་ཀྱི་འགོ་འཁྲིད་མང་ཆེ་བ་སྤུས་དག་དང་ལྷག་བསམ་རྣམ་དག་མི་འདུག དགེ་བའི་བཤེས་གཉེན་ནི་གཞན་ལ་ལམ་སྟོན་བྱེད་པའི་སྒྲོན་མེ་ལྟ་བུ་ཞིག་ཡིན་པས། བཤེས་གཉེན་དེ་དག་གིས་ལམ་གང་ཡིན་ཤེས་ཀྱི་མེད་ན་གཞན་ལ་ལམ་སྟོན་བྱེད་ཐུབ་ཐབས་མེད། སྤྲུལ་སྐུ་དང་སྔོན་གནས་རྗེས་དྲན་སྐོར་ཡང་ཤོད་འདོད་བྱུང༌། སྤྲུལ་སྐུ་མཚན་སྙན་ཆེན་པོ་ཞིག་ཡིན་ན་འབོལ་གདན་ནས་བཞེངས་ཏེ་གཞན་ཕན་གྱི་ཕྱག་ལས་གང་ཐུབ་གནང་དགོས་པ་ཡིན། བྱ་སྤྱོད་ངོ་མའི་ཐོག་ནས་འགོ་འཁྲིད་བྱེད་དགོས་པ་ཡིན། གཞན་ལ་བསྐུལ་ཞིང་རང་ཉིད་བལྟ་བཞིན་བསྡད་ན་འགྲིག་གི་མ་རེད། དགེ་བའི་བཤེས་གཉེན་ཞིག་གིས་སེམས་ཅན་གཞན་ལ་གནོད་པའི་མི་དགེ་བའི་ལས་བྱས་པའི་གླེང་རྙོག་གོ་དུས་ངས་བཟོད་སྲན་ཐུབ་ཀྱི་མི་འདུག ཆོས་ནི་བཅོས་ལྷད་མེད་པ་ཡིན་པས་འགན་སེམས་ཆེན་པོས་དེ་སྲུང་དགོས།

དཔེར་ན་ང་ཚོ་ལྟ་བུར་ཆ་མཚོན་ན། ང་ཚོས་ཆས་གོས་འདི་འདྲ་ཞིག་གྱོན་དགོས་དོན་གང་ཡིན་ནམ། དེ་ནི་སྟབས་བདེ་པོ་ཞིག་མེད་ལ་དེང་དུས་ཀྱི་དར་སྲོལ་ཅན་ཞིག་ཀྱང་མིན། འོན་ཀྱང་དེར་དགོས་པ་རྒྱུ་མཚན་ཞིག་ཡོད་པས་ང་ཚོས་རང་དཔེ་གཞན་སྟོན་ཐུབ་པ་དགོས།

མི་མང་པོ་ཞིག་གིས་ངས་གང་བཤད་པ་དེར་དགའ་མོས་བྱེད་ཀྱི་མེད་ཀྱང་གནད་འགག་མི་འདུག ངས་གང་བྱས་པ་དེ་ཆོས་དང་མཐུན་པ་ཤ་སྟག་བྱས་ཡོད། སྐབས་རེ་ལམ་ལྷོང་ཡོང་བ་དང་སྐབས་རེ་ལམ་ལྷོང་ཡོང་གི་མི་འདུག འོན་ཀྱང་མི་གཞན་ལམ་ལོག་ཏུ་ཁྲིད་རྒྱུ་ནི་ངེས་མིག་ཚབ་ཆེན་གསོག་པ་ཡིན་པས་ང་དེ་འདྲ་བྱེད་འདོད་མེད། བདག་འཛིན་གྱི་དབང་གིས་མི་མང་པོ་ཞིག་གིས་རྫུན་ཤོད་པ་དང་གནས་ཚུལ་ཆུང་ཆུང་ཡང་ཆེན་པོ་བཟོ་བ་སོགས་བྱེད་ཀྱི་ཡོད། སངས་རྒྱས་བསྟན་པའི་རྗེས་འཇུག་པ་ཞིག་ཡིན་པའི་ཆ་ནས་ང་ཚོ་བདག་འཛིན་གྱི་རྒྱ་རྙིའི་ནང་མ་ཚུད་པ་བྱེད་དགོས། བདག་འཛིན་གྱིས་ང་ཚོ་ཆོས་ཀྱི་ལམ་ལས་ལོག་པར་འཁྲིད་ཅིང་དོན་མེད་ཀྱི་ལས་དང༌། དོན་མེད་ཀྱི་གཏམ། དོན་མེད་ཀྱི་བསམ་བློ་སོགས་ལ་གཞུག་གི་ཡོད། ང་ཚོར་བདེ་བ་དགོས་པ་དང་གཞན་གྱི་བརྩི་བཀུར་དགོས་ཀྱི་ཡོད་ཀྱང༌། ང་ཚོའི་བྱ་བ་ཐམས་ཅད་ཀྱིས་བདེ་སྐྱིད་དང༌། གྲོགས་བཟང་པོ་དང༌། འཆམ་མཐུན། ལས་བཟང་པོ། བསོད་ནམས་སོགས་ལས་རྒྱང་ཐག་རིང་དུ་གཏོང་གི་ཡོད། བྱ་བ་བཟང་པོ་ཇི་ཙམ་བྱས་ཀྱང་བདག་འཛིན་དང་ཀུན་སློང་ངན་པའི་དབང་གིས་དེ་ཚང་མ་ཡལ་འགྲོ་གི་ཡོད་རེད།

ང་ཚོ་དགེ་བའི་བཤེས་གཉེན་ཡིན་རུང༌། ཆོས་ཉམས་ལེན་པ་ཡིན་རུང༌། སྐྱེ་བོ་ཕལ་པ་ཡིན་རུང༌། དོན་མེད་ཀྱི་བསམ་བློ་གཏོང་རྒྱུ། དོན་མེད་ཀྱི་གཏམ་སྨྲ་རྒྱུ། དོན་མེད་ཀྱི་བྱ་བ་བྱེད་རྒྱུ་མཚམས་འཇོག་དགོས། ཉིན་ཞག་གཅིག་ལ་ཆུ་ཚོད་ཉི་ཤུ་རྩ་བཞི་མ་གཏོགས་མེད་པས་དུས་ཚོད་འདི་དགེ་བའི་ལས་བྱེད་རྒྱུ། དགེ་བའི་བློ་བསྒྲུབ་རྒྱུ། དགེ་བའི་གཏམ་སྨྲ་རྒྱུ་བཅས་ལ་བེད་སྤྱོད་་དགོས། འདི་ལས་ལྡོག་ཏེ་བྱས་ན་གཞན་གྱིས་ཤེས་ཀྱི་མ་རེད་བསམ་ནའང་ལས་རྒྱུ་འབྲས་ཀྱིས་བཞག་གི་མ་རེད། རང་གི་གནོད་པ་བརྩམས་ཡུལ་དེས་ཡ་ལན་གང་ཡང་སྤྲོད་དགོས་ཀྱི་མ་རེད། རང་ཉིད་རང་གི་དགྲ་བོ་ཡིན་ལ་རང་ཉིད་རང་གི་གྲོགས་པོ་ཡང་ཡིན།

ད་ལམ་ང་རང་གཙོས་པའི་སེམས་ཅན་གཞན་ལ་སེམས་སྐུལ་གནང་བཞིན་མིའི་གཟུགས་སུ་སྐུ་འཚོ་བཞུགས་དགེ་བའི་བཤེས་གཉེན་བཟང་པོ་ཞིག་ངོ་སྤྲོད་བྱེད་རྒྱུ་བྱུང་བར་དགའ་སྤྲོ་ཆེ། ཉིན་གཅིག་ཁོང་མཇལ་ཏེ་འབྲེལ་བ་བཟང་པོ་ཞིག་འཇོག་ཐུབ་པའི་རེ་བ་ཡོད། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་ལ་ཐུགས་རྗེ་ཆེ་ཞུ། ཁྱེད་ནི་རླབས་ཆེན་ཡིན།། །།

You are here: མདུན་ངོས། གསར་གནས། ༢༠༡༢ གསར་མཛོད། ཁ་ཤས་ལག་ལེན་བྱེད་པ།