༢༠༡༢ གསར་མཛོད།

རང་གི་ཕ་མར་བརྩེ་བ།

༄༅། །ང་ཚོའི་སེམས་ཀྱི་དྲན་མཛོད་དེ་ཁྱད་མཚར་ཅིག་ཡོད་ཅིང༌། སྐབས་རེ་གནས་ཚུལ་བྱབ་ཆུང་རིགས་བདག་འཇོག་དང་གནས་ཚུལ་གལ་གནད་ཆེ་རིགས་འཕྱག་སྙིགས་ནང་གཡུག་གི་ཡོད། ངས་རྒྱུན་དུ་རང་གི་གྲོགས་པོ་དང་སློབ་ཚོར་རང་གི་མི་ཚེ་ནི་དྲན་མཛོད་ཀྱི་ཤོང་རྒྱའི་ཚོད་ལྟ་བུ་ཡིན་པས་བེད་མེད་གནས་ཚུལ་བདག་ཉར་མ་བྱེད་ཅེས་ཟེར་གྱི་ཡོད། རང་རྒྱུད་ཡར་རྒྱས་ཡོང་བར་ཕན་པའི་གནས་ཚུལ་དགེ་ཕན་ལྡན་པའི་རིགས་བདག་ཉར་བྱེད་དགོས་པ་ལས་སེམས་འཚོར་ལ་སྐུལ་སློང་བྱེད་པའི་རིགས་བདག་ཉར་བྱེད་མི་རུང༌། མི་ཚེ་ཐུང་ཐུང་འདི་སེམས་ངར་དང་ཁོང་ཁྲོའི་དབང་དུ་བཏང་ན་དུས་ཚོད་དང་ནུས་སྟོབས་གཉིས་ཀ་ཆུད་ཟོས་རེད། རྒྱུན་དུ་བཏང་སྙོམ་དགོས་ཀྱི་རེད། སེམས་ངར་སྐྱེད་དུས་ལྷོད་ལ་བབ་དགོས་པ་དང༌། ཁོང་ཁྲོ་ལངས་དུས་སེམས་ཞི་བར་བྱེད་དགོས། ཡིད་མུག་དུས་སྤྲོ་བ་འཕེལ་ཐབས་བྱེད་དགོས། ད་ལྟ་བའི་འཚོ་བ་དེ་དྲན་ཤེས་ལྡན་པ་ཞིག་བྱུང་ན་རྒྱུན་དུ་དབུ་མའི་ལམ་ལ་གནས་ཐུབ་པ་ཡིན་ཅིང༌། ཕྱིའི་རྐྱེན་གང་གིས་ཀྱང་དགའ་སྡུག་གི་རྐྱེན་བྱེད་ཐུབ་ཀྱི་མ་རེད་ལ། མི་ཚེ་འདི་བདེ་སྐྱིད་ལྡན་པ་ཞིག་ཡོང་གི་རེད།

དེས་ན་ཕྲུ་གུ་གསོ་སྐྱོང་བྱེད་དུས་ཁོང་ཚོ་སེམས་འཚོར་གྱི་དབང་དུ་མི་གཏོང་བ་དང་བདག་འཛིན་ཆེ་སྐྱེད་མི་ཡོང་བ་བྱེད་རྒྱུ་དེ་གལ་ཆེན་པོ་རེད། དེང་སང་ཕྲུ་གུ་ཚོས་རང་གི་ཕ་མ་དང་ནང་མི། སློབ་གྲྭ། སྤྱི་ཚོགས་སོགས་ལ་དཀའ་རྙོག་བཟོ་བ་མཐོང་དུས་མཛུབ་མོ་དང་པོ་དེ་ཕ་མར་བཙུགས་དགོས་ཀྱི་རེད་བསམས། ཕྲུ་གུ་ནི་ང་ཚོའི་མ་འོངས་པ་ཡིན་པས་གལ་ཆེ་ཞིང༌། ཕ་མ་ནི་དེ་བས་གལ་ཆེ་བ་ཡིན། ལྡུམ་ར་སྐྱོང་མཁན་གྱི་མེ་ཏོག་འཚར་སོན་བལྟ་སྐྱོང་བྱེད་པ་བཞིན་ཕ་མས་རང་གི་ཕྲུ་གུ་བྱམས་བརྩེས་གསོ་སྐྱོང་བྱེད་དགོས།

སྐབས་རེ་ཕ་མ་ཞིག་ཡིན་པའི་ཆ་ནས་རང་གི་ཕྲུ་གུར་གང་འདོད་སྤྲོད་དགོས་བསམ་ན་དེའི་རྗེས་འབྲས་ལ་བསམ་བློ་གཏོང་དགོས། དེང་སང་བློ་ཕམ་པ་ཞིག་ལ་ཕ་མ་མང་པོས་རང་གི་ཕྲུ་གུ་རྣམས་གཞན་ལ་ངོམ་རྒྱུའི་ཐོན་རྫས་ལྟ་བུར་རྩི་ཡི་འདུག འདིའི་རྐྱེན་གྱིས་ཕྱིས་སུ་ཕྲུ་གུ་དེ་ཚཽར་རང་མཐོང་གི་དཀའ་ངལ་འཕྲད་ཀྱི་རེད། ཕ་མར་འཚོ་བ་བསྒྲུབ་རྒྱུ་དང་ཕྲུ་གུ་གསོ་སྐྱོང་བཟང་པོ་བྱེད་རྒྱུའི་ལས་འགན་ཆེན་པོ་ཡོད། ཕྲུ་གུ་གསོ་སྐྱོང་བྱེད་རྒྱུ་དེ་རང་གི་གཡོག་པོའི་ལས་འགན་མིན།

ང་ཆུང་ངུའི་སྐབས་ནས་དགོན་པར་འཁྲིད་ཅིང་ཁྱེད་ཚོ་ལྟ་བུ་ཨ་མས་གསོ་སྐྱོང་བྱེད་རྒྱུའི་གོ་སྐབས་བྱུང་མེད། ངའི་ཡབ་ཆོས་ཕྱོགས་ཀྱི་མཛད་འཕྲིན་རྒྱས་པོ་ཡོད་སྟབས་ངའི་སྐྱེས་མ་ཡང་ཁོང་གི་ལྷན་དུ་ཕྱོགས་གང་སར་ཕེབས་དགོས་བྱུང་བ་རེད། ངའི་སྐྱེས་མར་ང་དང་མཉམ་དུ་སྡོད་རྒྱུའི་གོ་སྐབས་ནམ་བྱུང་ནའང་ང་ལ་མིག་དཔེ་བཟང་པོ་བསྟན་ཡོད། གཤེ་གཤེ་མང་པོ་མ་བཏང་བར་རང་གི་བྱ་སྤྱོད་ཀྱི་ཐོག་ནས་ང་ལ་མིག་དཔེ་སྟོན་གྱི་ཡོད། ཕ་མ་ཚོས་ཕྲུ་གུར་གཤེ་གཤེ་མང་པོ་གཏོང་དྲགས་ན་ཕྲུ་གུ་ཚོ་ཡང་བསུན་སྣང་གིས་ཕྱོགས་གཞན་ཞིག་ནས་དོ་སྣང་ཐོབ་ཐབས་བྱེད་ཀྱི་ཡོད། གཤེ་གཤེ་ཏོང་རྒྱུའི་ཚབ་ཏུ་ཕ་མ་ཚོས་བསམ་ཤེས་ལྡན་པ་བྱེད་དགོས་པ་དང་མིག་དཔེ་བཟང་པོ་སྟོན་དགོས། ཕ་མས་དྲག་ཤུལ་ཆེན་པོ་དང་སེམས་འཚོར་ཆེན་པོ་བྱས་ན་ཕྲུ་གུའི་གཤིས་ཀ་ཡང་དེ་ལྟར་ཡོང་གི་རེད། ཕྱིས་སུ་ཕྲུ་གུས་དཀའ་ངལ་བཟོ་དུས་ཕ་མས་སློབ་གྲྭ་དང་སྤྱི་ཚོགས། གཡོག་པོ་སོགས་ཚང་མར་ཁག་འདོག་བྱེད་ཀྱི་རེད། ཕ་མས་གཟབ་གཟབ་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན། གང་ཡིན་ཟེར་ན་ཕྲུ་གུའི་གོམས་གཤིས་དེ་ཕ་མ་ནས་འབྱར་ཡོང་གི་ཡོད།

ཕྲུ་གུ་ཞིག་གི་ཆ་ནས་རང་གི་ཕ་མ་བཀྲིན་ཆེན་པོ་ཡིན་པ་སེམས་ལ་ངེས་དགོས། གྲོད་པ་ལྟོགས་ཏེ་འམ། ས་ལ་རིལ་ནས་ངུ་དུས་ཡར་སློང་མཁན་དེ་སུ་ཡིན་དྲན་གྱི་འདུག་གམ། ཕ་མའི་བརྩེ་བ་དེ་ཆ་རྐྱེན་མེད་པ་ཞིག་ཡིན་ཀྱང་བརྩེ་བ་དེ་སྟོན་སྟངས་མི་འདྲ་བ་ཡོད་ཅིང༌། ང་ཚོ་ཕ་མའི་བྱམས་སྐྱོང་འོག་འཚར་ལོང་ཡོང་གི་ཡོད། ཕ་མ་དོ་འཁུར་མེད་མཁན་ཁ་ཤས་ཡོད་རུང༌། ཕ་མ་ཕལ་ཆེ་བས་ཕྲུ་གུར་བརྩེ་བ་ཆེན་པོས་གསོ་སྐྱོང་བྱེད་ཅིང༌། བྱམས་པོ་བྱེད་སྟངས་ཡང་དག་པ་ཞིག་ཡོང་གི་ཡོད་མེད་དེ་གནས་ཚུལ་སོ་སོ་རེད། ཕ་མའི་བརྩེ་བ་དེ་ཆ་རྐྱེན་མེད་པའི་བརྩེ་བ་ཡིན་རུང་ཕྲུ་གུས་ཕ་མར་བརྩེ་བ་བྱེད་ཕྱོགས་དེར་ཆ་རྐྱེན་མང་པོ་ཡོད།

ང་ཚོ་རྒས་བཞིན་དུ་ང་ཚོའི་ཕ་མའང་རྒས་ཀྱི་ཡོད་པ་དེ་སེམས་ལ་ངེས་དགོས་ཤིང༌། ང་ཚོས་ཁོང་ཚོ་མཉམ་དུ་སྡོད་རྒྱུའི་དུས་ཚོད་དེ་ཐུང་ཐུང་ཡིན་པས་རང་གི་ཕ་མ་སྐྱིད་པོ་འཇོག་དགོས། ཕ་མའི་བཀྲིན་དང་ལྷག་པར་དུ་ཨ་མའི་དྲིན་ལན་འཇལ་བ་ལས་བསོད་ནམས་ཆེ་བ་མེད། ང་ཚོས་རྒྱུན་དུ། མ་སེམས་ཅན་ཐམས་ཅད། ཞེས་ཟེར་གྱི་ཡོད། སྐྱེ་བ་མང་པོར་སེམས་ཅན་འདྲ་མིན་གྱིས་ང་ཚོའི་ཨ་མ་བྱས་ཡོད་པ་དེ་དག་ནས་འགའ་ཤས་ཚེ་འདིའི་ནང་གྲོགས་པོ་དང༌། གཅེས་ཉར་སྲོག་ཆགས། ཚོང་རོགས། དགྲ་སོགས་ལ་སྐྱེས་ཡོད༌། ཚེ་འདིའི་ཨ་མ་བཀྲིན་ཆེ་ལོས་ཇི་ཙམ་ཡིན་པ་བསམ་ཤེས་ཐུབ་ན་སྔོན་གྱི་སྐྱེ་བ་ཀུན་གྱི་ཨ་མའང་དེ་ལྟ་བུའི་བཀྲིན་ཆེན་པོ་ཡིན་པ་ཤེས་ཐུབ། འདི་བསམ་ཤེས་ཐུབ་ན་སེམས་ཅན་གཞན་གྱི་ཤ་བཟའ་རྒྱུའི་བསམ་བློ་གཏོང་མི་ནུསཔ་དང༌། མ་སེམས་ཅན་རྣམས་ལ་གནོད་འཚེ་བྱེད་ཐུབ་ཐབས་མེད་པ་ཡིན།

དེ་རིང་ནི་ཨ་མའི་ཉིན་མོ་ཡིན་ཅིང༌། ངའི་གྲོགས་པོ་དང་སློབ་མ་མང་པོ་ཞིག་གིས་དེ་རིང་རང་གི་ཨ་མར་དམིགས་བསལ་བལྟ་སྐྱོང་གུས་བཀུར་བྱེད་ཀྱི་ཡོད། བརྙན་འཕྲིན་ནང་དང་སྦྱར་ཡིག་གསལ་བསྒྲགས་ཁག་ནང་དེ་རིང་རང་གི་ཨ་མར་འབུལ་དཀྱེས་ཉོ་དགོས་པའི་དྲན་གསོ་བྱེད་པ་དེ་ནི་ཚོང་འགྲུལ་སླུ་ཐབས་ཤིག་ཡིན་རུང༌། ང་ཚོས་ཉིན་ལྟར་ཨ་མའི་ཉིན་མོར་བརྩིས་ཏེ་སེམས་ཅན་ཐམས་རང་གི་ཨ་མར་མ་འགྱུར་བ་མེད་པ་དྲན་གསོ་བྱེད་ཅིང༌། སྐྱེ་བ་ཐམས་ཅད་དུ་ཨ་མའི་བྱམས་བརྩེར་རྗེས་སུ་ཡི་རང་བྱེད་དགོས་པ་ཡིན། འདི་ནི་ཆོས་ཀྱི་ཉམས་ལེན་ཡིན་ལ་བྱང་ཆུབ་སེམས་དཔའི་ཉམས་ལེན་ཡང་ཡིན། ཉིན་ལྟར་ཨ་མའི་ཉིན་མོ་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུ།

You are here: མདུན་ངོས། གསར་གནས། ༢༠༡༢ གསར་མཛོད། རང་གི་ཕ་མར་བརྩེ་བ།