༢༠༡༢ གསར་མཛོད།

ཆོས་བརྒྱུད་དང་དམ་ཚིག

༄༅། །ལོ་འདིའི་ཧོར་ཟླ་བཟང་ཤོས་དེ་ཤར་ནས་ཞག་བདུན་འདས་ཟིན་པ་དང་། དེ་རིང་ནི་སྟོན་པ་ཐུབ་པའི་དབང་པོ་སྐུ་བལྟམས་པའི་དུས་མཆོད་ཡིན་པས་ངས་རང་གི་སློབ་མ་དང་གྲོགས་པོ་ཀུན་ལ་སེམས་བཟང་པོ་བྱེད་ཅིང་། ངག་བཟང་པོ་དང་ལས་བཟང་པོ་བྱེད་དགོས་པའི་སློབ་སྟོན་བྱེད་ཀྱི་ཡོད། སྐྱེ་བ་ཞེས་པ་ནི་འགོ་འཛུགས་གསར་པ་ཞིག་ལ་ཟེར་བ་ཡིན་པས་རང་རྒྱུད་སྐུལ་སློང་བྱེད་པའི་གོ་སྐབས་འདི་ཅིའི་ཕྱིར་མི་ཟིན་ནམ།

ད་ཆ་ངའི་ཆོས་ཕྱོགས་ཀྱི་བུ་ཕྲུག་རྣམས་འབྲུག་ཨ་མི་ཏ་བྷ་རི་བོར་འདུས་ཏེ་ཡོད་ཅིང་། ཆོས་བརྒྱུད་རྙིང་པ་འདིའི་འགོ་ཁྲིད་ཡིན་པའི་ཆ་ནས་བརྒྱུད་པའི་གཅེས་ནོར་གདམས་ངག་ཟབ་མོ་རྣམས་དགེ་བའི་བཤེས་གཉེན་མི་རབས་གསར་པ་རྣམས་ལ་རྒྱུད་སྤྲོད་བྱེད་རྒྱུ་དེ་ངའི་ལས་འགན་ཡིན། ཁོང་ཚོའི་ནང་ནས་ཆུང་ཤོས་ནི་དགུང་ལོ་ལྔའམ་དྲུག་ཙམ་ཞིག་ཡིན་པ་དང་། ཕྲུ་གུ་འདི་ཚོ་མཐོང་དུས་འདུམ་ལམ་བཟང་པོ་ཞིག་མཐོང་བས། ངའི་རྩ་་བའི་བླ་མ་རྣམས་ཀྱིས་ང་ཇི་ལྟར་གཅེས་སྐྱོང་གནང་བ་བཞིན་ཆོས་ཕྱོགས་ནས་ཁོང་ཚོ་གཅེས་སྐྱོང་བྱེད་རྒྱུ་དེ་ངའི་འགན་འཁྲི་ཡིན། ང་ཚོའི་མི་རབས་གསར་པའི་དགེ་བའི་བཤེས་གཉེན་རྣམ་པས་འབྲེལ་ཐོག་སེམས་ཅན་ཀུན་ལ་ཕན་པའི་ཆེད་ཆོས་བརྒྱུད་དྲི་མ་མེད་པ་གཙང་མ་གཅེས་འཛིན་ཐུབ་པའི་ངས་རེ་སྨོན་བྱེད་ཀྱི་ཡོད། དེ་ཡང་རྒྱལ་དབང་འབྲུག་པ་སྐུ་ཕྲེང་བཞི་པ་ཀུན་མཁྱེན་པདྨ་དཀར་པོས་ཆོས་བརྒྱུད་འདི་གཙང་ཞིང་དཀར་བ་དྲི་མ་མེད་ཞིག་ཡིན་པ་མ་འོངས་རྗེས་འཇུག་པ་ཚོས་ཡིད་ལ་དྲན་པའི་ཕྱིར་༼དཀར་བརྒྱུད་༽ཅེས་ཆེད་མངགས་འདོགས་གནང་མཛད་ཀྱང་མ་འོངས་པར་དབྱིན་སྐད་དང་ཕྱི་རྒྱལ་སྐད་ཡིག་གི་ཤུགས་རྐྱེན་ཇི་ཡོང་མ་གཟིགས་པ་རེད། དེང་དུས་མི་རྣམས་ཀྱིས་༼བཀའ་བརྒྱུད་༽དང་༼དཀར་བརྒྱུད་༽ཀྱི་སྒྲ་གཅིག་མཚུངས་སུ་གོ་བས་ཁྱད་པར་མི་མཐོང་བ་དང་གནད་འགག་མཐོང་གི་མེད་ཀྱང་། ངས་འདི་གནད་འགག་ཆེན་པོ་ཞིག་མཐོང་གི་འདུག རྒྱུན་དུ་ང་ཚོས་མིང་འདོགས་བྱེད་རྒྱུ་གལ་ཆེན་པོ་མ་རེད་ཟེར་གྱི་ཡོད་རུང་། དེང་སང་གི་དུས་ཚོད་ལ་མིང་བྱང་གལ་ཆེན་པོ་ཡིན་པས་གལ་ཏེ་མིང་ནོར་བའམ་མིང་གི་དག་ཆ་ཙམ་ནོར་ནའང་རིམ་པས་ཆོས་བརྒྱུད་རྩ་བརླགས་འགྲོ་བའི་ཉེན་ཁ་ཡོད། དེས་ན་ངས་སྔོན་ཚུད་ཞིག་ནས་སྟབས་བདེ་མངོན་གཙང་ཆེད་འབྲུག་པའི་ཆོས་བརྒྱུད་ཅེས་འབོད་ འགོ་བཙུགས་པ་ཡིན། དེར་མོས་མཐུན་ཡོད་མཁན་ཚོས་དེ་ལྟར་བྱེད་ཀྱི་རེད། མོས་མཐུན་མེད་མཁན་ལ་བཀག་སྡོམ་གང་ཡང་མེད། རང་དབང་ཅན་གྱི་འཛམ་གླིང་རེད། འདི་ནི་འཁོར་བའི་རྩེད་མོ་ཞིག་རེད།

ང་ཚོ་གསང་སྔགས་ཉམས་ལེན་པར་བརྒྱུད་པ་གཙང་མ་དགོས་གནད་ཇི་ཡིན་མི་མང་པོ་ཞིག་མགོ་རྨོངས་ཏེ་ཡོད། ཆོས་བརྒྱུད་འཛིན་མཁན་དེ་བུམ་པའམ་སྣོད་ཞིག་ལ་དཔེ་བཞག་ན་བུམ་པའམ་སྣོད་དེ་མི་གཙང་བ་དྲི་མ་ཅན་ཞིག་ཡིན་ན་དེའི་ནང་ཆོས་བརྒྱུད་ཀྱི་བདུད་རྩི་ཇི་འདྲ་ཞིག་བླུགས་ནའང་བདུད་རྩི་དེ་བཙོག་པ་དྲི་མ་ཅན་ཞིག་ཏུ་འགྱུར་བ་དང་། སྣོད་ཕྱི་མ་དེ་གཙང་མ་ཞིག་ཡོད་ནའང་སྣོད་དྲི་མ་ཅན་དང་པོ་དེ་ནས་བྱུང་བའི་བདུད་རྩི་དྲི་མ་ཅན་དེས་སྣོད་དེ་སྦག་པར་བྱེད་པ་ཡིན། ཆོས་བརྒྱུད་སྦགས་ན་བྱིན་རླབས་ཉམས་འགྲོ་བས་བླ་མ་དེ་སྐྱེས་ཆེན་ཇི་འདྲ་ཞིག་ཡོད་རུང་བྱིན་རླབས་ཉམས་ཚར་བ་རེད། དེར་བརྟེན་ཆོས་བརྒྱུད་འཛིན་མཁན་ཞིག་ཡིན་པའི་ཆ་ནས་ང་ཚོས་སྣོད་དང་བདུད་རྩི་གཉིས་ཀ་གཙང་མ་འཛིན་དགོས་པ་གལ་ཆེན་པོ་ཡིན། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོ་མང་པོ་ཞིག་གིས་གཏེར་གསར་གྱི་ལུང་དང་ཁྲིད་གནང་གི་ཡོད། གུ་རུ་རིན་པོ་ཆེ་དང་རས་ཆུང་པ་སོགས་ཀྱི་དགོངས་གཏེར་ང་ཚོས་རང་གི་རྩ་བའི་བླ་མ་ནས་ཐོབ་ཡོད་པ་རྣམས་ཉེ་བརྒྱུད་ཡིན་པས་སྦག་བཙོག་གི་ཉེན་ཁ་དེ་ཙམ་མེད་ཅིང་། ཆོས་བརྒྱུད་འཛིན་མཁན་ཚོར་ཀུན་སློང་གཙང་མའི་འདུན་པ་ཡོད་ན་བརྒྱུད་པ་མི་ཉམས་པར་མི་རབས་རྗེས་མར་རྒྱུད་སྤྲོད་བྱེད་ཐུབ།

ང་ཚོ་མང་པོ་ཞིག་གིས་སྨོན་ལམ་གསོལ་འདེབས་མང་པོ་གསར་རྩོམ་གྱིས་བརྒྱུད་པའི་བྱིན་རླབས་སོར་ཆུད་ཡོང་ཐབས་བྱེད་ཀྱི་ཡོད། བྱིན་རླབས་ཀྱི་བདུད་རྩི་འབྱུང་བའི་སྣོད་དེ་བླ་མ་ཡིན་པས་བླ་མ་དེ་དང་དེའི་བརྒྱུད་པ་གཙང་མ་ཡིན་མིན་བརྟགས་དཔྱད་བྱེད་རྒྱུ་དེ་སློབ་མ་དང་རྗེས་འཇུག་གི་ལས་འགན་ཡིན། རང་ཉིད་ཐར་པའི་གོ་འཕང་ཐོབ་པའི་ལམ་དེ་རང་གིས་བསྲུང་དགོས། བརྟགས་དཔྱད་བྱེད་རྒྱུའི་རང་དབང་བོར་ཏེ་ལོང་བ་ལྟར་རྗེས་སུ་མ་འབྲོངས་ཤིག ངས་རྒྱུན་དུ་རང་གི་སློབ་མ་དང་གྲོགས་པོ་ཚོར་དགེ་བའི་བཤེས་གཉེན་དེས་དམ་ཚིག་སྲུང་གི་ཡོད་མེད་དང་། རང་གི་བླ་མའི་དཀྱིལ་འཁོར་གྱི་དམ་ཚིག་ཉམས་ཆགས་ཕྱིན་ཡོད་མེད་བརྟགས་དགོས་པ་གལ་ཆེན་ཡིན་པ་བརྗོད་ཀྱི་ཡོད། དམ་ཚིག་ཉམས་ཆགས་ཕྱིན་པའི་བླ་མ་ཞིག་དང་བརྒྱུད་པ་ཞིག་ནས་བྱིན་རླབས་ཆ་ཚང་བ་ཞིག་ཐོབ་ཀྱི་མ་རེད། གལ་ཏེ་སྐྱེ་བོ་གང་ཞིག་གིས་འདི་རྩེད་མོ་ཙམ་ཞིག་ལ་བརྩི་བ་དང་། ཐར་པའི་གོ་འཕངས་ཐོབ་འདོད་མེད་ཅིང་དད་པ་དམ་ཚིག་ཟེར་བ་དེ་རོལ་ཉམས་ཞིག་ལ་བརྩི་བ་ལས་འཆི་གསོན་གྱི་གནད་དོན་ཞིག་ལ་ཆ་འཇོག་བྱེད་ཀྱི་མེད་ན་རང་འདོད་ལྟར་ཅི་ཞིག་བྱས་ནའང་འགྲིག་གི་རེད། ཆོས་ཀྱི་ལམ་ཞེས་པ་འདི་རྨོངས་མུན་སེལ་བའི་ལམ་ཞིག་ཡིན་པ་དང་། རྨོངས་མུན་སངས་ན་འཁོར་བའི་སྡུག་བསྔལ་ལས་ཐར་བ་ཡིན། སྡུག་བསྔལ་མྱོང་རྒྱུར་མོས་མཁན་ཞིག་མིན་ཕྱིན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་གོ་འཕང་ཐོབ་པར་དམིགས་དགོས། འདིས་རང་གི་མི་ཚེ་དོན་དང་ལྡན་པ་ཞིག་ཡོང་གི་རེད།

ངས་ཆོས་ཕྱོགས་ཀྱི་དམ་ཚིག་སྐོར་ཤོད་ཀྱི་ཡོད། འདི་ནི་སྡོམ་པ་དོ་གལ་ཆེན་པོ་ཞིག་ཡིན་ཅིང་། འདི་བླ་མས་དབང་གི་སྐབས་སུ་སློབ་མ་རྣམས་ལ་དཀྱིལ་འཁོར་གཅིག་ཏུ་གནང་བ་ཡིན། སྤྱིར་ང་ཚོས་རྗེས་འཇུག་སྐྱ་བོ་རྣམས་ལ་དམ་ཚིག་གི་སྡོམ་པ་འགངས་ཆེན་རིགས་ནོད་ཀྱི་མེད་ནའང་སྤྲུལ་སྐུ་རྣམ་པར་དམ་ཚིག་གི་སྡོམ་པ་དགོས་ངེས་ཅན་ཡིན། བླ་མ་མཚན་ལྡན་ཞིག་གི་བུ་སློབ་རྣམ་པས་དམ་ཚིག་ཡག་པོ་མ་སྲུང་བ་ཡིན་དེའི་རྐྱེན་གྱིས་བླ་མ་བསྙུང་བ་དང་སྐུ་ཚེར་བར་ཆད་ཀྱང་འབྱུང་སྲིད་པ་རེད། མཐུན་བསྒྲིལ་དེ་གལ་ཆེ་ཤོས་ཡིན། ང་ཚོས་བརྟགས་དཔྱད་ལེགས་པར་བྱས་ཏེ་རྡོ་རྗེ་ཐེག་པའི་ལམ་ལ་ཞུགས་ཤིང་རྡོ་རྗེ་སྤུན་གྲོགས་མཉམ་དུ་དབང་ཞུས་ཟིན་རྗེས་རྒྱབ་བཤད་བྱེད་རྒྱུ་སྤོང་དགོས་པ་དང་མི་དགེ་བའི་གྲོགས་པོ་སྤོང་དགོས་ཞེས་ཟེར་དགོས་དོན་འདི་ཡིན། རྒྱུན་དུ་སེམས་ཆོས་ལ་ཕྱོགས་ཏེ་བླ་མར་དད་པ་དགོས་པ་ཡིན། རྡོ་རྗེ་ཐེག་པ་ནི་མྱུར་ལམ་ཡིན་པས་ཡང་ན་ཐད་ཀར་སངས་རྒྱས་ཀྱི་ས་འཁྲིད་པའམ་ཡང་ན་ཐད་ཀར་དམྱལ་བར་འཁྲིད་པ་ལས་ལམ་ཟུར་པ་ཞིག་མེད། གལ་ཏེ་ཁྱེད་ལ་གྲོགས་པོ་རྡོ་རྗེ་སྤུན་གྲོགས་ལ་ཁ་གཏོང་མཁན་རིགས་ཡོད་ན་དུག་སྦྲུལ་མཐོང་བ་བཞིན་དེ་ཚོ་ལས་རྒྱང་རིང་དུ་བྲོས་དགོས། ཡང་རང་ཉིད་གཞན་ལ་རྒྱབ་གཏམ་ཁོ་ན་གཏོང་མཁན་ཞིག་ཡིན་ན་དེ་ལྟར་བྱེད་རྒྱུ་འཕྲལ་དུ་མཚམས་འཇོག་དགོས། འདིས་གཞན་ལ་མི་ཕན་པ་ཙམ་མ་ཟད་རང་ཉིད་ཆོས་བསྒྲུབ་པར་གནོད་ཅིང་། ཆོས་ཀྱི་ལམ་ལས་ཐག་རིང་དུ་འཁྲིད་པ་དང་། རང་གི་བླ་མ་དང་ཐར་པ་ལས་རྒྱང་ཐག་རིང་དུ་གཏོང་བ་ཡིན། དམྱལ་བ་ཞེས་པ་གང་འདྲ་ཞིག་ཡོད་དམ་སྙམ་པས་ཤེས་འདོད་ཆེན་པོ་ཡོད་ན་མ་གཏོགས་དྲན་ཤེས་དགོས་པ་ཡིན། མི་ཡ་ཡུད་ཅན་དུས་མཐའ་མེད་པར་དམྱལ་བའི་ནང་སྡོད་པར་ཅི་མི་སྙམ་མཁན་ཞིག་ཡིན་ན་རང་གི་སེམས་འཚོར་གྱི་དབང་དུ་སོང་སྟེ་གང་ཞིག་བྱས་ནའང་འགྲིག

གྲོགས་པོ་བཟང་པོ་དང་འགྲོག་དགོས་ཞེས་པ་ངའི་བསླབ་བྱ་ཡིན། གང་ཡིན་ཟེར་ན་དེང་སང་མི་རྣམས་ཀྱིས་རང་གི་བླ་མ་དང་། ཕ་མ། རིག་ཤེས་ལས་ལྷག་པར་གྲོགས་པོའི་ཁ་ལ་ཉན་པ་དང་རྗེས་སུ་འབྲང་གི་འདུག ད་ལམ་ས་ག་ཟླ་བའི་སྐབས་ཁྱེད་ཀུན་ནས་དགེ་བའི་གྲོགས་པོ་མང་པོ་དང་འགྲོག་ཐུབ་པ་དང་། ཁྱེད་རྣམས་ཀྱང་གཞན་གྱི་དགེ་བའི་གྲོགས་པོ་འགྱུར་བའི་སྨོན་ལམ་འདེབས་བཞིན་ཡོད།།

You are here: མདུན་ངོས། གསར་གནས། ༢༠༡༢ གསར་མཛོད། ཆོས་བརྒྱུད་དང་དམ་ཚིག