༢༠༡༢ གསར་མཛོད།

སེམས་ཚོར་རང་བབས་སུ་ཞོག

༄༅། །ཡུན་རིང་གཏམ་གླེང་བྱེད་རྒྱུ་མ་བྱུང་བར་དགོངས་སེལ་ཞུ། ཐུན་མཚམས་དང་ཆོས་བཤད་བྱེད་རྒྱུ་སོགས་ཀྱིས་ཟླ་བ་འདི་བྲེལ་བ་ཆེན་པོ་བྱུང་། འོན་ཀྱང་འདི་ནི་ངའི་ལས་ཀ་ཡིན་པས་དགའ་པོ་འདུག མི་མང་པོ་ཞིག་གིས་གྲ་བཙུན་གྱི་མི་ཚེ་ནི་སྐྱིད་པོ་ཡིན་པར་ངོས་འཛིན་བྱེད་པར་ངས་མོས་མཐུན་ཡོད། ཡང་ཕྱོགས་གཞན་ཞིག་ནས་ལྟས་ན་དེ་བདེན་པ་མིན་འགྲོ། དེང་སང་གྲ་བཙུན་ཚོས་ཀྱང་གདོང་ལེན་མི་ཕོད་པའི་རྣམ་གཡེང་མང་པོ་ཡོད་རེད། སྟབས་མི་ལེགས་པ་ཞིག་ལ་ལུས་ཀྱི་སྤོང་བས་ནང་དང་གསང་བའི་སྤོང་བ་མཚོན་པའི་ཁྱབ་པ་མེད།

སེམས་ཚོར་ལ་ཤེས་བཞིན་དགོས་པ་དང་། གྲ་བཙུན་ནམ་སྐྱ་བོ་གང་ཞིག་ཡིན་རུང་། སེམས་ཚོར་གྱིས་ང་ཚོ་དེད་ཀྱི་ཡོད། ཤེས་བཞིན་མེད་དུས་སེམས་ཚོར་རྒོད་པོར་གྱུར་ཏེ་ང་ཚོའང་རྒོད་པོ་ཆགས་ནས་བཏང་སྙོམ་ངང་ཞི་གནས་ཐུབ་ཀྱི་མེད།

དཔེིར་ན། ང་ཚོའི་འདོད་པར་རྫོགས་མཐའ་མེད། རྒྱས་སྤྲོས་ཅན་གྱི་སྣུམ་འཁོར་ BMW ཞིག་བྱུང་རྗེས་ Ferrari དང་ Porsche ལྟ་བུའི་རྩེད་སྣའི་སྣུམ་འཁོར་འདོད་པ་དང་ཡང་དེའི་རྗེས་སྣུམ་འཁོར་ཐོན་གསར་གཞན་དགོས་པ་ཡིན། སྣུམ་འཁོར་མང་པོ་ག་ཚོད་ཅིག་ཡོད་ནའང་གཏོང་དུས་གཅིག་ལ་སྣུམ་འཁོར་་གཅིག་མ་གཏོགས་གཏོང་མི་ཐུབ་པ་མ་ཟད། དེ་དག་བདག་ཉར་བྱེད་རྒྱུའི་མགོ་རྙོག་འཕར་མ་ཞིག་ཡིན། བདག་སྐྱོང་མ་བྱས་ན་ཙི་ཙིས་ཚང་བཟོས་ནས་ནང་ཆས་དང་སྦུབས་མདོང་ཚང་མ་ཟོས་ཏེ་འཕྲུལ་འཁོར་ཨ་མར་སྐྱོན་བཏང་བ་དང་དེ་དག་བཟོ་བཅོས་ཆེད་འགྲོ་གྲོན་ཆེན་པོ་གཏོང་དགོས་པ་ཡིན། དེ་བཞིན་སྣུམ་འཁོར་སྙིང་རྗེ་པོ་དེ་བརླག་དོགས་དང་དེའི་སྟེང་རི་མོ་བྲད་དོགས། བརྡབ་དོགས་སོགས་སེམས་ཁྲལ་ཡོང་བ་ཡིན། ང་ཚོས་སྣུམ་འཁོར་དང་པོ་དེ་ཉོ་སྐབས་བསམ་དོན་འགྲུབ་སོང་སྙམ་པའི་དགའ་ཚོར་དྲག་པོ་འབྱུང་བ་དང་། དེའི་རྗེས་ཡང་གཞན་ཞིག་དགོས་པའི་འདོད་པ་བྱེད་པས། བ་ཚ་ཅན་གྱི་ཆུས་སྐོམ་བསལ་མི་ཐུབ་པ་བཞིན་ང་ཚོའི་འདོད་པ་ཚིམས་ཐབས་མེད།

ཡང་ཁོང་ཁྲོ་ལངས་སྐབས་གཞན་ལ་སྐད་ངན་རྒྱག་པ་སོགས་བྱས་ན་རང་ཉིད་ལ་ཕན་རེས་དེ་ལྟར་བྱས་རྗེས་ངས་འདི་འདྲ་ཅིའི་ཕྱིར་བྱས་པ་ཡིན་ནམ་སྙམ་པས་འགྱོད་པ་བྱེད་པ་ཡིན། དེ་བཞིན་ཕྲག་དོག་དང་ང་རྒྱལ་གྱི་དབང་གིས་ང་ཚོས་བྱ་བ་བྱབ་ཆུང་འདྲ་མིན་བྱེད་པས་སེམས་ཚོར་འདི་རིགས་ཀྱིས་ང་ཚོ་ལམ་ལོག་ཏུ་འཁྲིད་པ་ཡིན་པས་ང་ཚོས་སེམས་ཚོར་མཉམ་པར་བཞག་དགོས། སེམས་ཚོར་གྱི་དབང་དུ་མ་སོང་བར་སེམས་ཚོར་རང་བབས་སུ་བཞག་ཐོག་དེ་དག་དབྱེ་ཞིབ་ཀྱིས་དེའི་ངོ་བོ་རྟོགས་དགོས་པ་ཡིན། ང་ཚོས་སེམས་ཚོར་སྟངས་འཛིན་བྱེད་ཐུབ་ན་མི་ཚེ་འདི་ཆོས་ཀྱི་ལམ་དུ་མདུན་མཆོང་ཆེན་པོ་བྱེད་པའི་གོ་སྐབས་ཤིག་ཏུ་འགྱུར་ཐུབ་པ་ཡིན་ཅིང་། སེམས་ཚོར་རྣམས་ང་ཚོ་བཟང་ཕྱོགས་དང་བདེ་སྐྱིད་ཀྱི་ལམ་དུ་འདྲེན་པའི་འཕྲུལ་འཁོར་ཞིག་ཏུ་འགྱུར་བ་ཡིན།

You are here: མདུན་ངོས། གསར་གནས། ༢༠༡༢ གསར་མཛོད། སེམས་ཚོར་རང་བབས་སུ་ཞོག