༢༠༡༢ གསར་མཛོད།

གཞན་སྐྱིད་རང་བདེ།

༄༅། །བོད་ཤར་ཕྱོགས་ལ་འགྲུལ་བཞུད་དེ་ནི་ལས་སླ་པོ་ཞིག་མ་བྱུང་། ཡིག་ཆ་བཟོ་བསྒྲུབ་དང་འགྲིམ་འགྲུལ་གྱི་དཀའ་ཚེགས་ཙམ་མ་ཟད་ས་བབས་མཐོ་ཚད་དེ་ཡང་འགོག་རྐྱེན་ཞིག་ཏུ་འདུག དུས་ཡུན་ཐུང་ལ་བྲེལ་འཚུབ་ཅན་གྱི་འགྲུལ་བཞུད་འདིའི་རིང་ངའི་འགྲུལ་རོགས་དང་མགྲོན་པོ་སུ་ལའང་དམིགས་བསལ་དཀའ་ངལ་གང་ཡང་བྱུང་མ་སོང་བར་དགའ་པོ་བྱུང་། ངའི་སློབ་མ་དང་བྱམས་བརྩེའི་འཚོ་བའི་ (Live to Love) ཚོགས་ཆུང་ངོས་ནས་གྲ་སྒྲིག་འཐུས་ཚང་བྱས་འདུག འཛམ་གླིང་འདི་པྱོགས་སུ་ངས་འགྲུལ་བཞུད་བྱེད་པ་འདི་མཐའ་མ་ཡིན་འགྲོ་སྙམ། ད་ལམ་འདི་ཕྱོགས་བསྐྱོད་པ་དེར་མི་ཚོའི་བསམ་ཚུལ་གང་འདྲ་ཡོད་ཅི་ཤེས། མིའི་ཚོར་སྣང་ཟེར་རྒྱུ་དེ་ཁྱད་མཚར་རེད། མི་མང་ཆེ་བས་དངོས་གནས་གང་ཡིན་ལ་མ་ལྟོས་པར་རང་གི་ཚོར་སྣང་དེ་བདེན་པར་འཛིན་གྱི་ཡོད། དེ་ནི་མིའི་སེམས་རྙོག་འཛིངས་ཅན་གྱི་ངོ་མཚར་ཁྱད་ཆོས་ཡིན། དེས་ན་ངས། ཚང་མ་བདེན་པའང་རེད་ལ་ནོར་བ་རེད་ཅེས་བརྗོད་ཀྱི་ཡོད། རང་གི་བལྟ་ཕྱོགས་ནས་བདེན་པ་ཡིན་ལ། གཞན་གྱི་བལྟ་ཕྱོགས་ནས་བདེན་པ་མིན།

བྲེལ་འཚུབ་ཆེ་བའི་དུས་ཡུན་ཐུང་ཐུང་ཞིག་གི་ནང་ང་ཚོས་ལས་ཀ་མང་པོ་བྱེད་རྒྱུ་བྱུང་། ལྷག་པར་དུ་ས་ཡོམ་རྒུད་ཆགས་ཕོགས་པའི་ཡུལ་མི་རྣམས་ལ་སྐྱོབ་གསོ་རོགས་རམ་བྱེད་རྒྱུ་བྱུང་། ས་ཡོམ་གྱི་འཇིག་པ་མཐོང་དུས་ཞེད་སྣང་སྐྱེ་བ་ཞིག་འདུག སྐྱེ་རྒུ་མདོ་ནི་ཤུལ་མེད་ལྟ་བུར་གྱུར་འདུག་ཅིང་ཡུལ་མི་བརྒྱ་ཆ་ ༩༩ ད་ལྟའང་རྒུད་སྐྱོབ་ཀྱི་སྒུར་ནང་བསྡད་འདུག འདི་མི་རྟག་དྲན་སྐུལ་མིན་ན་གང་ཡིན། ཧོང་ཀོང་ཡན་ལག་བྱམས་བརྩེའི་འཚོ་བའི་ (Live to Love) ངོས་ནསགནོད་འཚེ་ཕོག་པའི་མི་རྣམས་ལ་སྐྱོབ་གསོ་བགོས་འགྲེམ་ཆེད་དཔལ་འབྱོར་འདུ་འགོད་བྱས་འདུག་པར་དགའ་སྤོབས་ཆེ། ལྷག་པར་དུ་༧སྐྱབས་རྗེ་ལྷ་མཆོག་རིན་པོ་ཆེ་དང་ཁོང་གི་ཨེ་ཤི་ཡའི་ཞལ་སློབ་རྣམས་ཀྱིས་སྐྱེ་རྒུ་མདོ་ས་གནས་སུ་གོ་སྒྲིག་རྒྱབ་སྐྱོར་གནང་བར་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁོང་ཀུན་གྱི་མཐུན་འགྱུར་མེད་ན་ལས་ཀ་འགྲུབ་ཐབས་མེད། ཐུགས་རྗེ་ཆེ།

ཀུན་གྱིས་ཤེས་གསལ་ལྟར་འོད་དཔག་མེད་ཀྱི་སྐུ་བརྙན་བཞེང་རྒྱུ་དེ་ངའི་མི་ཚེའི་ནང་གི་ལས་འཆར་གལ་ཆེ་ཤོས་ཤིག་ཡིན་པ་དང་། ཐོག་མའི་འཆར་གཞིར་སྐུ་བརྙན་དེ་བོལ་ཡུལ་འབྲུག་ཨ་མི་ཏ་བྷ་རི་བོར་བཞེང་འཆར་ཡིན་ནའང་། ད་ཆ་འོད་དཔག་མེད་ཀྱི་སྐུ་བརྙན་དེ་ཁམས་ནང་ཆེན་དུ་བཞུགས་གསོལ་གྱིས་འཛམ་གླིང་ཡང་སྟེང་ནས་ང་ཚོ་ཚང་མར་བྱིན་གྱིས་བརླབ་བཞིན་ཡོད། ང་རང་ལས་འཆར་འདིའི་ཆ་ཤས་ཤིག་ཡིན་པར་དགའ་སྤོབས་དང་། ༧སྐྱབས་རྗེ་ས་སྤྲུལ་རིན་པོ་ཆེ་མཆོག་ནས་སྐུ་བརྙན་འདི་དག་ཆོས་རྒྱལ་མྱ་ངན་མེད་ཀྱི་མཆོད་རྟེན་ཞིག་གསོའི་ཆ་ཤས་སུ་བཞེས་གནང་བར་བཀྲིན་ཆེ་ཞུ། ང་ཚོ་རྣལ་འབྱོར་གྱི་བརྒྱུད་པའམ་འབྲུག་པའི་ཆོས་བརྒྱུད་འཛིན་མཁན་ཚོར་གཞན་གྱི་བདེ་སྐྱིད་ལས་ལྷག་པ་བསམ་རྒྱུ་མེད་པས་གཞན་སྐྱིད་རང་བདེ་ཟེར་བ་དེ་ཡིན། ང་ཚོའི་ཐུན་མོང་གི་ལྟ་བ་འདི་ཡིན་པས་ང་ཚོས་ལས་ཀ་གང་བྱས་པ་དེས་མི་གཞན་ལ་བདེ་སྐྱིད་དང་། དགའ་ཚོར། བློ་སྤོབས་བཅས་སྤེལ་ཐུབ་དགོས། སྦྱིན་བདག་གཏོང་ཕོད་ཅན་དང་སྙིང་རུས་ཆེན་པོས་ལས་ཀ་བྱེད་མཁན་ཚོའི་རྒྱབ་སྐྱོར་མེད་ན་ང་གཅིག་པུས་ལས་འཆར་འདི་འགྲུབ་ཐབས་མེད་ཅིང་། འདི་ལ་མཐུན་སྦྱོར་བྱེད་མཁན་ཚང་མས་བསོད་ནམས་ཆེན་པོ་བསགས་ཡོད།

བོད་ཤར་ཕྱོགས་ནི་ཆོས་ལ་བརྩོན་ཞིང་དང་གྲུབ་ཐོབ་མང་པོ་འབྱུང་སའི་གནས་རྩ་་ཆེན་ཞིག་ཡིན། སྒྲུབ་བརྒྱུད་ཀྱི་རྣལ་འབྱོར་མཚན་སྙན་ཅན་གྲུབ་དབང་ཤཀྱཱ་ཤྲི་བོད་ཤར་ཕྱོགས་ནས་ཡིན། ང་ཚོ་གནས་བྱིན་བརླབ་ཅན་འདི་འདྲ་ཞིག་ལ་དངོས་སུ་བསླེབས་ཐུབ་དེ་བསོད་བདེ་ཆེན་པོ་རེད། ནམ་མཁའ་ནས་འབྲུག་བཞི་བབས་ཏེ་སྐྱེ་རྒུ་མདོར་ཉིན་ཤས་བསྡད་རྗེས་སླར་ནམ་མཁར་འཕུར་འགྲོ་བ་མི་མང་པོས་མཐོང་ཚུལ་ང་ཚོའི་རིན་པོ་ཆེ་ཁ་ཅིག་གིས་གསུངས་ཤིང་། དེའི་སྒྲུབ་བྱེད་དུ་འདྲ་པར་ཁ་ཅིག་ཀྱང་བསྐུར་བྱུང་ཡང་འདིར་བཀོད་མེད། གང་ཡིན་ཟེར་ན་སྔོན་མ་ང་ཚོ་བེ་དི་ནམ་དུ་ཡོད་སྐབས་ནམ་མཁར་སྤྱན་རས་གཟིགས་ཀྱི་སྐུ་མཇལ་བ་དང་རྟགས་ངོ་མཚར་ཅན་ཤར་བའི་འདྲ་པར་སྟོན་སྐབས་ལོག་ལྟ་སྐུར་འདེབས་དང་ངན་སྨྲས་བྱེད་མཁན་བྱུང་བ་རེད། ད་ལྟའི་དུས་འདི་ནི་དད་པ་མེད་པའི་དུས་ཡིན་པས་འདྲ་པར་དེ་རིགས་བསྟན་ནས་གཞན་གྱི་སྐུར་འདེབས་དང་ངན་སྨྲས་འདྲེན་ནས་ཅི་བྱེད། ང་ཚོ་དད་པ་ཡིད་ཆེས་མེད་པའི་དུས་ཐ་ཞན་ཞིག་ནང་གནས་ཡོད་ཅིང་། དེ་ཡང་ཤེས་འདོད་དང་བརྟགས་དཔྱད་མེད་པར་འཕྲལ་དུ་སྐྱོན་བརྗོད་བྱེད་ཀྱི་ཡོད། བདག་འཛིན་ཤུགས་ཆེ་བའི་རྐྱེན་གྱིས་བྱིན་རླབས་དང་ཤེས་རབ་ཐོབ་ཐབས་མེད།

སྐུ་འདྲ་འདི་བཞིན་ང་ཚོས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རྣམས་ལ་འབུལ་དཀྱེས་ཡིན། ང་ཚོར་འཛམ་གླིང་འདིའི་ནང་བྱེད་འགན་རེ་ཡོད་ཅིང་། རང་གི་སྤྱི་ཚོགས་ལ་ཞབས་འདེགས་དང་མཐའ་འཁོར་གྱི་སེམས་ཅན་རྣམས་ལ་བདེ་སྐྱིད་བསྐྲུན་པའི་ནུས་པ་ཡོད། ཧི་མ་ལ་ཡའི་མི་རྣམས་འཛམ་གླིང་ཡང་སྟེང་ལྟ་སྐྱོང་བྱེད་པོ་ཡིན་ཅིང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་ཁུལ་མང་པོ་དང་འདྲ་བར་ནང་ཆེན་དུའང་ཁོར་ཡུག་དང་འབྲེལ་བའི་གནད་དོན་མང་པོ་ཞིག་འདུག སྐྱེ་ལྡན་བཙའ་ཐོར་མི་ཐུབ་པའི་གད་སྙིགས་གང་སར་མཐོང་རྒྱུ་འདུག

ཕྱོགས་གཅིག་ནས་བཤད་ན་རྒྱལ་བ་འོད་དཔག་མེད་དང་ཁོར་ཡུག་སྲུང་སྐྱོབ་འབྲེལ་བ་མེད་ཀྱང་ཕྱོགས་གཞན་ཞིག་ནས་བསམ་ན་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བ་ཡོད། དད་ལྡན་པ་ཞིག་གི་ཆ་ནས་རྒྱལ་བའི་ཞིང་ཁམས་སྦག་བཙོག་མེད་པར་ཉ་ར་བྱེད་དགོས་ཙང་འོད་དཔག་མེད་ཀྱི་སྐུ་བརྙན་བཞུགས་སའི་མཐའ་འཁོར་དེ་སྦག་བཙོག་མེད་ཅིང་སྐྱེ་ལྡན་བཙའ་ཐོར་མི་ཐུབ་པའི་གད་སྙིགས་རིགས་མེད་པར་གཙང་མ་འཇོག་རྒྱུར་ཐུན་མོང་ཐོག་འབད་སྩོལ་བྱེད་དགོས། འདི་ནི་བསོད་ནམས་གསོག་པའི་ཐབས་བཟང་པོ་ཞིག་ཡིན་ལ། སྣོད་བཅུད་དང་བསྟུན་རྒྱུ་ནི་བྱང་ཆུབ་སེམས་དཔའི་ཉམས་ལེན་ཡིན་ཅིང་ཁོར་ཡུག་སྲུང་སྐྱོབ་ཀྱིས་སེམས་ཅན་མང་པོའི་སྲོག་སྐྱོབ་ཐུབ་པ་ཡིན་པས། ངའི་གྲོགས་པོ་དང་སློབ་མ་རྣམས་ལ་འདི་ལྟར་བྱེད་རོགས་ཞེས་ངས་འབོད་སྐུལ་ཞུ་རྒྱུ་ཡིན།

སྐོར་བསྐྱོད་འདིའི་སྐབས་༧སྐྱབས་རྗེ་ཨ་ལྡེའུ་རིན་པོ་ཆེ་གོང་མའི་ཞལ་སློབ་ཚོའི་རང་གི་བླ་མར་རྩེ་གཅིག་པའི་དད་པ་དང་བླ་མའི་རྣམ་མཐར་སྐྱོང་རྒྱུའི་འདུན་པ་མཐོང་དུས་སེམས་འགུལ་འཐེབ་པ་ཞིག་བྱུང་། ང་༧སྐྱབས་རྗེ་ས་སྤྲུལ་རིན་པོ་ཆེའི་གདུང་སྲས་སུ་འཁྲུངས་པའི་༧སྐྱབས་རྗེ་ཨ་ལྡེའུ་རིན་པོ་ཆེའི་ཡང་སྲིད་མཇལ་འདོད་ཆེན་པོ་བྱུང་ཡང་གནས་དུས་ཀྱིས་རྐྱེན་པས་མཇལ་ཐུབ་མ་སོང་། གཞུང་གིས་ངེད་གཉིས་མཇལ་འཕྲལ་བྱེད་མི་བཅུག་པའི་རྒྱུ་མཚན་གང་ཡིན་ད་ལྟའང་ཤེས་མ་སོང་། གང་ལྟར་ཡང་ང་གང་དུ་ཡོད་ནའང་ངས་༧སྐྱབས་རྗེ་ཨ་ལྡེའུ་ཆུང་སྲིད་རིན་པོ་ཆེའི་ཆེད་གསོལ་སྨོན་འདེབས་བཞིན་ཡོད།

པེ་ཅིང་དུ་རླུང་འཚུབ་དྲག་པོས་མི་མང་པོར་སྲོག་སྐྱོན་བྱུང་བ་དང་རླུང་འཚུབ་དྲག་པོ་འདི་ལོ་ ༦༡ རྗེས་བྱུང་ཚུལ་ང་ཁམས་ཁུལ་ཡོད་དུས་གོ་ཐོས་བྱུང་ཞིང་། ང་ཚོ་ལོག་ཚར་བའི་རྗེས་སུ་པེ་ཅིང་དུ་སླར་ཡང་རླུང་འཚུབ་རྒྱབ་ཡོད་གནས་གོ་བྱུང་། འདི་ཁོར་ཡུག་སྣོད་བཅུད་སྲུང་བྱེད་དགོས་པའི་ཉེན་བརྡ་ཞིག་ཡིན་གྱི་རེད། སྐྱེས་ཁམས་སྲུང་སྐྱོབ་དང་མཐུན་པའི་འཚོ་བ་སྐྱེལ་སྟངས་ཁྱབ་སྤེལ་བྱེད་རྒྱུར་ང་ཚོ་ཚང་མ་འབད་འབུངས་བྱེད་དགོས། ཡང་ངས་གངས་རིན་པོ་ཆེར་གོམ་འགྲུལ་གནས་སྐོར་ཞིག་གོ་སྒྲིག་གིས་འཛམ་གླིང་ནང་གི་གནས་རྩ་ཆེ་ཤོས་དེ་གཙང་མ་བཟོ་ཐུབ་པའི་རེ་སྨོན་བྱེད་ཀྱི་ཡོད།