༢༠༡༢ གསར་མཛོད།

དུས་དྲན་སྲུང་བརྩི་ཟབ་རྒྱས་ཤིག

༄༅། །ང་འབྲུག་པ་པུ་ལོ་རེར་སྡོད་རིང་སྐད་ཅིག་རེ་རེ་ཡང་དགའ་སྤྲོ་ལྡན་པ་ཞིག་བྱུང་། དང་པོ་དེར་སྒྲུབ་དཔོན་ངག་དབང་གིས་དཔལ་ལྡན་འབྲུག་པའི་བསྟན་པ་དབུ་རྙེད་ནས་ལོ་བརྒྱད་བརྒྱ་འཁོར་བའི་དུས་དྲན་སྲུང་བརྩིའི་མཇུག་བསྒྲིལ་མཛད་སྒོ་དེ་ལམ་ལྷོང་ཡོང་ཆེད་ངལ་བ་ཁྱད་སད་ཇི་ཙམ་བྱས་པ་མངོན་གསལ་འདུག གཉིས་པར་ངའི་གྲོགས་པོ་དང་སློབ་མ་རྙིང་པ་རྣམས་རང་གི་བུ་ཕྲུག་དང་བཅས་པ་ལྷན་འཛོམས་ཀྱིས་ཆོས་ཀྱི་དུས་སྟོནའདིར་ནང་མཉམ་ཞུགས་བྱས་འདུག ཡུ་རོབ་ནང་འགྲོ་གྲོན་ཆེ་བ་དང་ཆོས་ལུགས་གཞན་དང་བསྡུར་ན་ནང་པའི་མི་འབོར་ཉུང་ཉུང་ཡིན་པ་དང་། པུ་ལོ་རེ་ནི་ས་ཆ་འགྲོ་ཕྱོགས་བདེ་པོ་ཞིག་མིན་པས་མཛད་སྒོ་གོ་སྒྲིག་གི་ལས་འགན་དེ་ལས་སླ་པོ་ཞིག་གཏན་ནས་མིན། ཐུན་མོང་མ་ཡིན་པའི་དུས་དྲན་འདིར་ཞུགས་རྒྱུར་དམིགས་བསལ་འབད་རྩོལ་བྱེད་དགོས་པ་ཡིན། དུས་དྲན་མཛད་སྒོ་འདི་ནི་འཇིག་རྟེན་པའི་བྱེད་སྒོ་ཞིག་མིན་པར་འདིའི་སྐབས་ཚོགས་ཆང་ཙམ་ལས་གཞན་ཆང་རག་མེད་པ་དང་། སྲོལ་རྒྱུན་གྱི་རྔ་དང་དུང་ཙམ་ལས་སྐད་སྒྲ་ཆེ་བའི་རོལ་དབྱངས་རིགས་མེད་པས་ན་ཐུན་མོང་མ་ཡིན་པ་ཡིན། འཁྲབ་སྟོན་འགའ་ཞིག་ཡོད་ནའང་མཚན་ཚོགས་ཞབས་བྲོ་རྒྱག་མཁན་མེད་པ་རེད། ཕྱིའི་བསྟར་འབུལ་ཙམ་མིན་པར་དད་དམ་གཙང་མ་དང་། ལྷག་བསམ་རྣམ་དག མཛད་སྒོ་འདི་ལམ་ལྷོང་ཡོང་བའི་མངོན་དོད་བཅས་ལ་བརྟེན་ཉིན་བཅུའི་མཛད་རིམ་དེ་ཁྱད་དུ་འཕགས་པ་ཞིག་བྱུང་། སྒེར་སེམས་མེད་པར་སྙིང་ཐག་པ་ནས་ལས་ཀ་ཅི་ཞིག་བྱས་ནའང་ལམ་ལྷོང་ཡོང་ངེས་ཡིན།

ང་ཚོས་དད་པ་མོས་གུས་ལྡན་པའི་སློབ་མ་སྟོང་དུ་མ་དང་མཉམ་དཔལ་ནཱ་རོ་པ་འཁྲུངས་ནས་ལོ་སྟོང་འཁོར་བའི་དུས་དྲན་སྲུང་བརྩིའི་ལྡོག་གྲངས་འབྲུག་པ་པུ་ལུ་རེ་ནས་འགོ་འཛུགས་རྒྱུའི་ཐག་གཅོད་བྱས་པ་ཡིན། གཞན་ཕན་ཐུན་མོང་གི་བྱེད་སྒོར་སྒེར་སེམས་མེད་པའི་རྒྱབ་སྐྱོར་དགོས་པ་ཡིན། ད་ལྟ་བར་དུ་ངས་མི་སྒེར་གྱིས་བྱས་རྗེས་ངོ་སོ་འཁྱེར་མཁན་མཐོང་མ་བྱུང་། རྒྱལ་ཁབ་དང་རིག་གཞུང་འདྲ་མིན་བརྒལ་པའི་འབྲེལ་ལམ་དང་། མཉམ་ལས། ཡི་རང་། བརྩེ་བ་བཅས་འགྲུབ་རྒྱུ་གནས་སྐབས་ཁག་པོ་ཡིན། ང་ཚོ་ཡུ་རོ་དང་། ཨ་རི། ཨེ་ཤི་ཡ་སོགས་རྒྱལ་ཁབ་གང་ནས་ཡིན་རུང་ང་ཚོ་ཚང་མ་དཔལ་ནཱ་རོ་པའི་རྗེས་འཇུག་ཡིན། དེས་ན་རང་ཚོར་དཔལ་ནཱ་རོ་པའི་མཛད་རྗེས་དང་དམ་བཅའ་དྲན་སྐུལ་ཡོང་ཆེད་ངས་དཔལ་ནཱ་རོ་པ་འཁྲུངས་ནས་ལོ་སྟོང་འཁོར་བའི་དུས་དྲན་སྲུང་རྒྱུའི་ལྡོག་གྲངས་འགོ་བཙུགས་པའི་ཁྱབ་བསྒྲགས་བྱེད་ཀྱི་ཡོད། ཁོང་གི་ཐུགས་རྗེ་བྱིན་རླབས་ལ་བརྟེན་ནས་ང་ཚོ་མི་རབས་ནས་མི་རབས་སུ་འབྲེལབ་ཆགས་ཏེ་ཡོད། སེམས་ཅན་ཐམས་ཅད་ལ་ཕན་ཕྱིར་སངས་རྒྱས་པའི་འདུན་པ་དྲག་པོ་དེ་ལ་བརྟེན་ནས་ང་ཚོ་སྐྱེ་བ་སྔོན་མ་དང་། ད་ལྟ། སྐྱེ་བ་ཕྱི་མ་བཅས་ལ་འབྲེལ་བ་ཆགས་ཏེ་ཡོད།

ད་ནས་བཟུང་ཕྱི་ལོ་ ༢༠༡༦ བར་དཔལ་ལྡན་འབྲུག་པའི་ལྷན་འཛོམས་སོགས་ང་ཚོའི་བྱེད་སྒོ་ཐམས་ཅད་དཔལ་ནཱ་རོ་པའི་རྗེས་དྲན་དང་ཁོང་འཁྲུངས་ནས་ལོ་སྟོང་འཁོར་བའི་དུས་དྲན་མདུན་བསུ་ཞུ་རྒྱུར་བསྔོ་དགོས།

དེང་སང་བདུན་རེའི་ནང་གཟའ་རེར་མིང་རེ་བཏགས་ནས་མཛའ་གྲོགས་དང་ནང་མི་མཉམ་འཛོམས་ཀྱིས་དགའ་སྟོན་བྱེད་སྲོལ་འདུག་པ་བཞིན་ང་ཚོས་ཀྱང་དགའ་སྟོན་བྱས་ན་མ་འགྲིག་པ་མེད། འོན་ཀྱང་ང་ཚོའི་དགའ་སྟོན་དེ་མ་འདྲ་ཙམ་ཞིག་བྱས་ནས་བཟང་ཕྱོགས་ཀྱི་འཚོ་བ་སྐྱེལ་སྟངས། གྲོགས་པོ་བརྩེ་དུང་གིས་སྐྱོང་སྟངས། ཁོར་ཡུག་དང་སེམས་ཅན་གཞན་བྱམས་བརྩེ་དང་བློ་གྲོས་ལྡན་པའི་ངང་སྐྱོང་སྟངས་སོགས་ཕན་ཚུན་སྐུལ་མ་བྱེད་པའི་གོ་སྐབས་སུ་བརྩི་དགོས། བྱམས་པ་དང་བརྩེ་བ། སྦྱིན་པ། དད་པ། བློ་གྲོས། ཡི་རང་སོགས་ནི་སྲུང་བརྩི་འོས་པའི་ཡོན་ཏན་ཡིནཔ་དང་། དཔལ་ནཱ་རོ་པས་ཡོན་ཏན་འདི་རྣམས་མཚོན་པ་ཡིན་པས་དཔལ་ནཱ་རོ་པའི་འཁྲུངས་ལོ་དགའ་སྟོན་ལྡོག་གྲངས་ལ་མཉམ་ཞུགས་གནང་རོགས།

མཐའ་བསྡོམས་སུ་པུ་ལུ་རེའི་རྫོང་དཔོན་མཆོག་མཛད་སྒོར་ཆིབས་བསྒྱུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་བཞིན་ཡུ་རོབ་ཁུལ་ངའི་སྐུ་ཚབ་བརྩེ་བར་འོས་པའི་སྒྲུབ་དཔོན་ངག་དབང་དང་། ངའི་གྲོགས་པོ་དང་སློབ་མ་ཁྱེད་ཀུན་ནས་ངལ་བ་ཁྱད་བསད་ཀྱིས་ཞག་བཅུའི་མཛད་རིམ་ནང་མཉམ་ཞུགས་གནང་བར་ཐུགས་རྗེ་ཆེ་ཞུ། དྲ་རྒྱའི་ཐོག་ཐད་ཀར་རྒྱང་བསྲིངས་སྤུས་དག་བྱུང་འདུག་པས་ཚོགས་ཆུང་དེ་ཉིད་ཀྱིས་དཔལ་ལྡན་འབྲུག་པའི་ལོ་འཁོར་ལྷན་འཛོམས་སྐབས་བཞི་པར་ཡང་ཞབས་ཞུ་ཐུབ་པའི་རེ་བ་ཡོད། ང་ཚོ་ཡུན་རིང་པོར་ཡང་ཡང་ཐུག་པ་དང་ཡང་ཡང་དགའ་སྟོན་ལ་རོལ་ངེས་ཡིན།

འདི་ནི་ངས་ཡུ་རོབ་ནང་མཉམ་ཞུགས་བྱས་པའི་དགའ་སྟོན་དང་མཛད་སྒོ་ལེགས་ཤོས་ཤིག་ཡིན། ཚང་མ་བདེ་སྐྱིད་ངང་བཞུགས་རོགས། ང་ཚོ་ཡང་ཡང་མཇལ་བ་དང་མི་ལུས་རིན་ཆེན་ཐོབ་པའི་དགའ་སྟོན་ལ་ཡང་ཡང་རོལ་རྒྱུ་ཡོང་བའི་སྨོན་ལམ་ཡོད།

You are here: མདུན་ངོས། གསར་གནས། ༢༠༡༢ གསར་མཛོད། དུས་དྲན་སྲུང་བརྩི་ཟབ་རྒྱས་ཤིག