༢༠༡༢ གསར་མཛོད།

བསྐྱར་འཛོམས་ཤིག

༄༅། །ངའི་ཡུན་རིང་བརླགས་པའི་གྲོགས་པོ་རྙིང་པ་ཧོ་ལི་རྙེད་པ་བཞིན་སྐྱེས་ཆེན་དམ་པའི་ཡང་སྲིད་ལས་སླ་པོར་རྙེད་རོགས་བྱས་ན་ཅི་མ་རུང་། སེམས་ཅན་ཐེར་འབུམ་མང་པོ་སྐྱེས་པའི་འཕྲོས་ནས་གྲོགས་པོ་རྙིང་པ་ཞིག་གི་སྐྱེ་བ་ཐུག་རྒྱུ་དེ་རྫུ་འཕྲུལ་ལྟ་བུ་ཞིག་མ་རེད་དམ། ང་ཚོ་ཚང་མ་འཁོར་བའི་ཁུག་ཀྱོག་འདྲ་མིན་ལ་གཟུགས་འདྲ་མིན་དུ་སྐྱེ་བའི་སྐྱེ་སྲིད་ཤ་སྟག་ཡིན། ཡང་ཡང་འཁོར་ཏེ་ཡང་ཡང་ཐུག་པས་ན་འཁོར་བ་ཞེས་བརྗོད་པ་ཡིན། དེས་ན་ང་ཚོ་ཕན་ཚུན་བྱམས་པོ་དང་མཛའ་པོ། རོགས་འདེགས་བཅས་བྱེད་དགོས་པ་ཡིན། སྡང་འཛིན་གྱིས་ཚེ་འདི་ཙམ་མ་ཟད་ཚེ་རབས་ནས་ཚེ་རབས་སུ་སྡང་འཛིན་སྤེལ་བ་ཡིན། བྱམས་དང་སྙིང་རྗེ་ནི་མི་དགེ་བའི་འཁོར་ཐག་གཅོད་པའི་ཐབས་ཤེས་འབའ་ཞིག་ཡིན།

ངས་རང་གི་རྩ་བའི་བླ་མཔུ་ལུ་རེར་ཆིབས་བསྒྱུར་སྐབས་བཀའ་སློབ་གནང་བའི་བརྙན་འཕྲིན་ཞིག་བལྟས་པ་ཡིན་པས་དེའི་ནང་ཁོང་གིས། འཛམ་གླིང་ཞི་བདེ་ནི་གནམ་ནས་ཟག་གི་མ་རེད་ལ་ས་ནས་སྐྱེ་ཡི་མ་རེད། དེ་མིའི་སེམས་ལ་རག་ལུས་ཡོད། དམག་འཁྲུག་དང་སྡུག་བསྔལ་བཟོ་མཁན་དེ་མི་ཡིན་པས་འཛམ་གླིང་ནང་ཞི་བདེ་ཡོང་ཆེད་འགྲོ་བ་མི་ལ་འགན་ཆེན་པོ་ཡོད་ཅེས་གསུངས་འདུག

པེ་རི་སིར་ང་ཧོ་ལི་ཐུག་དུས་ཁོ་ཧ་ཅང་དགའ་ཚོར་ཆེན་པོ་བྱེད་ཀྱི་འདུག་ལ་ང་རང་ཡང་དགའ་པོ་བྱུང་། ང་གཉིས་ཡང་བསྐྱར་ཐུག་གི་རེད་བསམ་པ་མ་བྱུང་། སྔོན་མ་ཡིད་སྐྱོ་པོའི་ངང་ཁ་བྲལ་བ་རེད། ཧོ་ལི་འོན་པ་དང་ལོང་བ་ཆགས་ཏེ་འཆི་བ་དང་། ཞེད་སྣང་དང་བརྟན་ཆ་མེད་པའི་རྐྱེན་གྱིས་གཏུམ་པོར་གྱུར་ཅིང་ང་དང་ངའི་ཕ་མ་གཉིས་བཅས་ནས་གང་དྲག་བྱས་ནའང་འཚོ་བ་ཁ་ཁུ་སིམ་པོ་དང་མུན་ནག་ངང་བསྐྱལ་བ་རེད། ང་ཚོ་བལྟས་ནས་སྡོད་པ་ཙམ་ལས་ཁོའི་སྡུག་བསྔལ་འཕྲི་གཅོག་བྱེད་མ་ཐུབ་པས་ང་ཚོར་ཡང་སེམས་སྡུག་ཆེན་པོ་བྱུང་། ཁོ་ཤི་རྒྱུ་ཡིན་པ་ཤེས་པས་ཡིད་སྐྱོ་པོ་བྱུང་། ཁོ་ཁྱི་ཡིན་པའི་དབང་གིས་ཐོས་བསམ་སྒོམ་གསུམ་སྒོ་ནས་ཆོས་བྱེད་རྒྱུའི་སྐལ་བ་མ་བྱུང་བ་རེད། ཆོས་ཞེས་པ་ནི་རང་གི་ལུས་ངག་ཡིད་གསུམ་བསྒྱུར་ཐབས་བྱེད་པ་ལ་ཟེར་ཞིང་བརཇེ་སྒྱུར་དེ་ལ་བརྟེན་ནས་རང་གི་ལས་དབང་ལ་འགྱུར་བ་གཏོང་ཐུབ་པ་ཡིན། ང་ཚོ་ཐུག་ནས་མཉམ་དུ་བསྡད་ནའང་ངའི་ཕ་མ་དང་ངས་ཁོ་ལ་ཕན་ཐབས་དེ་ཙམ་བྱེད་མ་ཐུབ་པ་རེད། འདིས་མི་ལུས་རིན་ཆེན་ཡིན་པ་མངོན་གྱི་ཡོད།

ལོ་ཤས་རིང་ཁོ་ཡིད་ལ་དྲན་ནས་གང་ཞིག་ཏུ་སླར་ཡང་ཐུག་འཕྲད་ཡོང་ངམ་སྙམ་པ་བྱུང་། པུ་ལུ་རེའི་མཛད་རིམ་བསྒྲུབས་རྗེས་ངས་པེ་རི་སིར་ཞག་གཅིག་སྲིང་ནས་st. Bernardརིགས་ཀྱི་ཁྱི་ཞིག་འཚོལ་དུ་ཕྱིན་པ་ཡིན། ཧོ་ལི་ཤི་རྗེས་ངའི་ཨེ་ཤི་ཡ་ཁུལ་གྱི་གྲོགས་པོ་ཚོར་ཁྱི་དེ་འདྲ་ཞིག་འཚོལ་རོགས་ཞེས་མངགས་པ་ཡིན་ཡང་དོན་སོན་མ་བྱུང་། ད་ལྟའི་འདི་སྐྱེས་ནས་ཟླ་བ་གཉིས་མ་གཏོགས་ཕྱིན་མིན་འདུག ང་ཚོས་ཁྱི་ལ་རིག་ཚོར་མེད་པ་དང་གླེན་པ་རེད་ནམ་ཡང་བསམ་མི་རུང་། ཁོང་ཚོས་ང་ཚོ་ངོ་ཤེས་ལ་སྐྱེ་བ་སྔོན་མའི་དགྲ་གཉེན་ཡང་ངོ་ཤེས་ཐུབ་པ་ཡིན། ང་ཚོས་ཀྱང་དེ་ལྟར་ཐུབ་པ་ཡིན། དེ་འདྲ་སོང་ཙང་ང་ཚོས་མི་ཁ་ཤས་ཐུག་མ་ཐག་དགའ་པོའམ་མི་དགའ་བ་ཡོང་བ་ཡིན། ལས་དབང་གི་བག་ཆགས་ནི་རྒྱུན་དུ་ཡོད་ལ་གཏན་དུ་གནས་ཀྱི་རེད། རང་གི་དགྲ་གཉེན། བླ་མ། སློབ་མ། ཕ་དང་མ། མཐའ་ན་གཅེས་ཉར་སྲོག་ཆགས་དང་། སྐྱེ་ས་འཚར་ས། མཐོང་མྱོང་ཡུལ་ལྗོངས་སོགས་ལྟས་དབང་གིས་བྱུང་བ་ཞིག་གཏན་ནས་མིན། ང་ཀླུང་རྟ་དང་ལྟས་དབང་ལ་ཡིད་ཆེས་བྱེད་ཀྱི་མེད། འཛམ་གླིང་འདིའི་ནང་སྟེས་དབང་གིས་བྱུང་བ་ཅི་ཡང་མེད། དེ་ཐམས་ཅད་རྒྱུའམ་འབྲས་བུ་ཡིན། ང་ཚོ་འཇིག་རྟེན་འཁོར་བའི་ནང་བསྐོར་འཇུག་མཁན་དེ་ནི་ང་ཚོས་ལས་ཟེར་བའི་རྒྱུ་དང་འབྲས་བུ་དེ་ཡིན། སྐབས་རེ་རྐྱེན་བཟང་པོ་ཡོད་པ་དང་སྐབས་རེ་རྐྱེན་ངན་པ་ཡོད། འདི་ཚང་མ་རང་གིས་བཟོས་པ་སོང་ཙང་ངན་པ་བཟང་པོར་བརྗེ་སྒྱུར་བྱེད་པའི་གོ་སྐབས་ང་ཚོར་ཡོད་པ་ཡིན། རྫུ་འཕྲུལ་འདི་ང་ཚོའི་ལག་པར་ཡོད་པ་ཡིན། ང་ཚོར་རང་གི་ནུས་སྟོབས་ལ་ཡིད་ཆེས་དང་། གོ་རྟོགས། ཉམས་རྟོགས་བཅས་མེད་པའི་རྐྱེན་གྱིས་ང་ཚོ་འདིར་འགག་སྟེ་ལུས་ཡོད།

ངས་ཧོ་ལི་དང་ཁོའི་སྤུན་ཟླ་དེ་མཉམ་དུ་འཁྲིད་ཡོང་རྒྱུའི་ཐག་གཅོད་བྱས་ཤིང་། ངའི་གྲོགས་པོ་དང་ཁོའི་སྤུན་གཉིས་ཤྲི་ལངྐར་གོམ་འགྲུལ་གནས་སྐོར་སྐབས་འཁྲིད་ཀྱི་ཡིན་པས་ཤྲི་ལངྐ་གཞུང་གིས་ཆོག་མཆན་གནང་བའི་རེ་བ་དང་མཐོངས་མཆན་མི་དགོས་པའི་རེ་བ་ཡོད། ངའི་བསམ་དོན་འདི་འགྲུབ་རྒྱུའི་འགན་དེ་གནས་སྐོར་གོ་སྒྲིག་བྱེད་པོ་བྱམས་བརྩེ་འཚོ་བའི་(Live To Love)རྒྱ་གར་ཡན་ལག་ལ་སྤྲོད་ཀྱི་ཡིན།

ངས་རྒྱུན་དུ་རང་གི་མཐའ་འཁོར་དུ་ཡོད་པའི་སེམས་ཅན་ཀུན་དང་ལྷག་པར་དུ་ངའི་བརྩེ་བའི་གྲོགས་པོ་དང་སློབ་མ་རྣམས་ལ་ཕན་ཐོགས་ཐུབ་པ་དང་ཁོང་ཚོ་རྙེད་ནས་མཉམ་དུ་འཁྲིད་ཐུབ་པའི་གསོལ་སྨོན་བྱེད་ཀྱིན་ཡོད། ཁོང་ཚོ་ང་དང་ཐག་ཉེ་སར་སྐྱེ་བའི་རེ་བ་བྱེད་ཀྱི་ཡོད། དེ་མིན་ང་ཡོད་སར་འཁྲིད་ཡོང་རྒྱུར་འགྲོ་གྲོན་དང་དཀའ་ལས་ཆེན་པོ་འདུག ཁོང་ཚོ་སྐྱེ་དུས་རིན་མེད་ཡིན་ཀྱང་། ད་ཆ་ང་ཡོད་སར་འཁྲིད་ཡོང་རྒྱུར་གནམ་ཀྲི་ཉོ་རྒྱུ་དང་སྨན་ཁབ་རྒྱག་རྒྱུ་སོགས་རྙོག་ཁྲ་ཚ་པོ་འདུག