༢༠༡༢ གསར་མཛོད།

ངའི་ལག་འཁྱེར་ཁ་པར་བརླགས་སོང༌།

༄༅། །འགྲུལ་བཞུད་ཞིག་གི་སྐབས་ངའི་ལག་འཁྱེར་ཁ་པར་བརླགས་སོང་བས་ཆུ་ཚོད་གཅིག་གི་རིང་ང་སེམས་ཁྲལ་དང་ཡིད་མ་སྐྱིད་པ་བྱུང༌། མི་གཞན་ཞིག་གིས་ངའི་ཁ་པར་བེད་སྤྱོད་ཀྱིས་དེའི་ཡོན་གླ་ང་དགོས་ཀྱི་རེད་བསམ་པ་དང༌། ངའི་ཁ་པར་དེར་གང་བྱས་ཡོད་དམ་སྙམ་པ་སོགས་ཀྱི་སེམས་ཁྲལ་བྱུང༌། ཆུ་ཚོད་གཅིག་ཏག་ཏག་གི་རྗེས་ང་དགའ་པོ་བྱུང་གང་ཡིན་ཟེར་ན་ང་ལ་ཁ་པར་ iPhone5 ཞིག་ཉོ་རྒྱུར་ཁག་འདོགས་ས་ཞིག་ཐོབ་པ་རེད།

ངས་དྲྭ་རྒྱའི་ཐོག་ iPhone5 ཉོ་ས་གང་དུ་ཡོད་འཚོལ་ཞིབ་བྱས་པར་རེ་བ་སྟོང་ཟད་ཕྱིན་སོང༌། གང་ཡིན་ཟེར་ན་དྲྭ་རྒྱའི་ཐོག་ཕྱི་ཟླ་དགུ་པའམ། བཅུ་པ། བཅུ་གཅིག་ཞིག་ནང་མ་གཏོགས་ཕྱིར་ཚོང་བྱེད་ཀྱི་མིན་འདུག ངའི་ཁ་པར་བརླགས་པ་དང་ iPhone5 དེ་ཉོ་སྒྲུབ་བྱེད་ས་མེད་སྟབས་ང་ཚ་གི་ཚིག་གི་ཆགས་བྱུང༌། དེ་ནས་ངས་ང་ལ་ཁ་པར་དགོས་བྱེད་གང་འདུག་བསམ་བློ་ཞིབ་ཏུ་བཏང་བ་ཡིན། ང་ནི་སེམས་ཐམས་ཅད་ཀྱི་དོན་དུ་ལས་ཀ་བྱེད་མཁན་ཞིག་ཡིན་པས་ཚང་མས་ང་ལས་ཁ་པར་བཏང་ཡོང་ན་སེམས་ཅན་གྱི་དོན་དུ་ལས་ཀ་བྱེད་བྱེད་ཁོམ་མེད་པར་འགྱུར་ངེས་ཡིན། ང་ལ་ཉིན་གཅིག་ལ་ཆུ་ཚོད་ ༢༤ མ་གཏོགས་མེད་པ་ཅིང་སྐད་ཆ་ཤོད་བྱེད་ཁ་གཅིག་དང་ཉན་བྱེད་རྣ་བ་གཉིས་མ་གཏོགས་མེད་པ་རེད། གལ་ཏེ་ངས་ཁ་པར་གཉིས་དུས་གཅིག་ལ་བེད་སྤྱོད་བྱས་པ་ཡིན་ནའང་ཁ་པར་རེ་རེར་སྐད་ཆ་ཤོད་པའི་ཁ་གཉིས་བཟོ་ཐབས་མེད། ཡང་མ་ཉལ་བར་མི་རེར་དུས་ཚོད་སྐར་ཆ་ ༣༠ རིང་སྐད་ཆ་བཤད་དེ་འཚམས་འདྲི་ཙམ་ཞིག་བྱས་ནའང་སྐྱེ་བོ་སྟོང་ཕྲག་ཁ་ཅིག་ལ་མ་གཏོགས་སྐད་ཆ་ཤོད་ཁོམ་མི་འདུག་ཅིང༌། ང་ལ་ལག་འཁྱེར་ཁ་པར་གྱི་དགོས་པ་མིན་འདུག་པས། ལག་འཁྱེར་ཁ་པར་ཞིག་གི་རྗེས་ལ་རྒྱུགས་ནས་ཅི་བྱེད་དམ།

ང་ལ་སློབ་གསོ་ཆེན་པོ་ཞིག་བྱུང༌། ངའི་ཐུགས་བརྩེ་ཅན་གྱི་རྩ་བའི་བླ་མའི་བསླབ་བྱ་རྣམས་གསལ་པོ་ཆགས་སོང༌། འདི་ནི་འཁོར་བ་ཡིན། ང་ཚོ་ཚང་མ་རྫོགས་མཐའ་མེད་པར་གཅིག་རྗེས་དེད་བྱེད་ཀྱི་ཡོད། ད་ལྟ་ང་ལ་ཆ་བཞག་ན་ལག་འཁྱེར་ཁ་པར་གྱི་རྗེས་ལ་རྒྱུག་པ་རེད། འདི་དངོས་གནས་དོན་དང་ལྡན་པ་ཞིག་འདུག་གམ་མི་འདུག ངས་ལག་འཁྱེར་ཁ་པར་བེད་སྤྱོད་དེ་ཙམ་བྱེད་ཀྱི་མེད་ཅིང༌། སྐབས་རེ་ཁ་པར་ཐབ་ཚང་ནང་ངམ། འཁྲུས་ཁང་ནང་ངམ༌། ཁུག་མའི་ནང་སོགས་གང་དུ་བཞག་ཡོད་དྲན་གྱི་མེད།

མི་ཚེའི་ནང་གནས་ཚུལ་མང་པོ་དེ་འདྲ་བ་རེད། དཔེར་ན། གོམ་འགྲོས་གནས་སྐོར་སྐབས་ཅ་དངོས་རང་གིས་འཁུར་ནུས་ཚོད་ཞིག་མ་གཏོགས་འཁྱེར་གྱི་མེད་པ་རེད། ང་ཚོའི་མི་ཚེ་ཡང་གོམ་འགྲོས་གནས་སྐོར་འདྲ་པོ་རེད། རང་གིས་འཁུར་ནུས་ཚོད་གཅིག་འཁྱེར་དགོས་པ་དང་ཕན་ཐོག་ཡོད་པའི་རིགས་འཁྱེར་དགོས། ཚེ་རབས་ནས་ཚེ་རབས་སུ་ལྗིད་ཚད་སྣོན་པའི་རིགས་འཁྱེར་རྒྱུ་མེད། ཉིན་གཅིག་ལས་འབྲས་ཀྱི་ཁུར་པོ་ལྗིད་པོས་ང་ཚོ་དུད་འགྲོའམ་དམྱལ་བར་ལྷུང་སྲིད་པ་རེད། དེས་ནས་ངས་ངའི་སློབ་མ་དང་གྲོགས་པོ་ཚོར་རང་གི་མི་ཚེར་ཡི་རངས་དང༌། དངོས་འབྲེལ་ཆོག་ཤེས་དང་ཡིད་ཚིམ་གྱི་ཚོར་བ་ཞིག་ཡོང་ཆེད་གོམ་འགྲོས་གནས་སྐོར་ལ་ཡོང་དགོས་བརྗོད་ཀྱི་ཡོད།

དེ་རིང་ང་ལ་ངའི་ལག་འཁྱེར་ཁ་པར་བརླགས་པ་དང་ iPhone5 ཉོ་མ་ཐུབ་པའི་གནས་ཚུལ་ཙམ་མ་གཏོགས་ཤོད་རྒྱུ་མེད། དེ་ནི་ངའི་རྩ་བའི་བླ་མའི་འཁོར་བའི་བསླབ་བྱ་དེ་དྲན་སྐུལ་བྱས་བྱུང༌།།

You are here: མདུན་ངོས། གསར་གནས། ༢༠༡༢ གསར་མཛོད། ངའི་ལག་འཁྱེར་ཁ་པར་བརླགས་སོང༌།