༢༠༡༢ གསར་མཛོད།

སླར་ཡང་མཇལ་འཛོམས་བྱུང་བ།

༄༅། །༧སྐྱབས་རྗེ་སྟག་སྣ་རིན་པོ་ཆེའི་སྐུ་ཚབ་རྣམ་པ་དང་གར་ཞྭ་ཡུལ་སྤྱིའི་འཐུས་མི་གསུམ་ནས་འབོད་དོན་བཞིན་ཟླ་བ་རྗེས་མ་༧སྐྱབས་རྗེ་སྟག་སྣ་རིན་པོ་ཆེའི་ཡང་སྲིད་ཀྱི་དབུ་སྐྲ་གཙུག་ཕུད་བཞེས་ཕྱིར་ང་གར་ཞྭར་འགྲོ་གི་ཡོད། ཆུང་སྲིད་རིན་པོ་ཆེ་ད་ལྟ་དགུང་ལོ་གཅིག་དང་ཕྱེད་ཙམ་ཡིན་པས་ཕྲན་བུའི་སྔ་དྲགས་པ་མིན་ནམ་བསམས་ནའང་མི་མང་པོ་ཞིག་གིས་ཁོང་ལ་བགེགས་བར་ཆད་མི་འབྱུང་བའི་ཆེད་གཙུག་ཕུད་བཞེས་དགོས་ནན་བརྗོད་ལྟར་ངས་དེ་ལྟར་བྱེད་རྒྱུའི་ཁས་ལེན་བྱས་པ་ཡིན། མི་ཚོའི་སེམས་ཁྲལ་ངས་ཤེས་རྟོགས་ཐུབ་ཀྱི་འདུག། སྟག་སྣ་རིན་པོ་ཆེ་ཤིནྟུ་རྩ་ཆེན་ཡིན་པས་ཁོང་བགེགས་བར་མེད་པར་འཚར་ལོང་ཡོང་བའི་རེ་འདུན་བྱེད་ཀྱི་ཡོད་རེད།

འདི་ནི་སླར་ཡང་མཇལ་འཛོམས་ཀྱི་གནས་ཚུལ་ཞིག་ཡིན། ངའི་ཕ་མ་བཞིན་ཆུང་སྲིད་རིན་པོ་ཆེའི་ཡབ་ཡུམ་བྲོས་བྱོལ་དུ་མི་ཕེབས་པའི་ངས་རེ་སྨོན་བྱེད་ཀྱི་ཡོད། ཡང་སྲིད་རྩད་གཅོད་ཞུ་མི་འབྱོར་སྐབས་ངའི་ཕ་མ་གཉིས་བལ་ཡུལ་དུ་ཕེབས་ཀྱང་བླ་ཆེན་མང་པོས་སྤྲུལ་སྐུ་ངོས་འཛིན་དང་ཁྲི་འདོན་མ་བྱས་ན་ངའི་ཚེ་ལ་བར་ཆད་ཡོང་ཉེན་གསུངས་སྟབས་ཁོང་གཉིས་ལ་བྱ་ཐབས་མ་བྱུང་བ་རེད། ད་ལྟ་སྟབས་ལེགས་པ་ཞིག་ལ་ཆུང་སྲིད་རིན་པོ་ཆེའི་ཡབ་ཡུམ་གཉིས་ཀྱི་ཕྲུ་གུ་དེ་ངས་༧སྐྱབས་རྗེ་སྟག་སྣ་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་བྱས་པ་ཤེས་ནས་དགའ་མོས་བྱེད་ཀྱིས་ཡོད་གནས་གོ་ཐོས་ལ་བྱུང༌།

ང་ཚོ་འགའ་ཞིག་ནི་ཡང་ནས་ཡང་དུ་བསམ་བཞིན་དུ་དོན་དང་ལྡན་པའི་སྐྱེ་བ་བཞེས་ཀྱི་ཡོད་པ་དང༌། ང་ཚོ་ཁ་ཅིག་ནི་འདམ་དབང་མེད་པར་སྐྱེ་བ་ལེན་གྱི་ཡོད། སྐྱེ་བ་འགའ་ཤས་ལ་རྐྱེན་བཟང་པོ་དང་འཕྲད་དེ་ང་ཚོས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་ཐུབ་ཀྱི་ཡོད་ཅིང༌། སྐྱེ་བ་འགའ་ཤས་ལ་རྐྱེན་བཟང་པོ་དང་མ་འཕྲད་པའི་དབང་གིས་གཞན་དོན་བསྒྲུབ་དགོས་བསམས་ནའང་བགེགས་བར་མང་བས་འགྲོ་དོན་འགྲུབ་ཀྱི་མེད་པ་རེད། ཡང་སྲིད་ཚང་མ་གཅིག་པ་རེད་ལ་ཐ་དད་ཀྱང་རེད་ཅེས་ཟེར་ཆོག་པ་ཡིན།

དཔེར་ན། ངའི་སྐྱེ་སྤྲུལ་གོང་མ་པདྨ་དཀར་པོ་ནི་ང་ལྟ་བུ་མིན་པར་མཛད་འཕྲིན་ཤིན་ཏུ་རྒྱས་པོ་བྱུང་ཡོད། ཁོང་ནི་གཞུང་ལུགས་དང༌། སྨན༌། རྩིས། སྒྱུ་རྩལ། བསྟན་བཅོས་འབྲི་རྩོམ་སོགས་རིག་པའི་གནས་ཐ་དག་ལ་མངའ་རྙེད་པའི་རྣལ་འབྱོར་བ་ཞིག་ཡིན། སྐབས་རེ་ཁོང་གི་སྐུ་ཐང་མཇལ་ཞིང་རྣམ་ཐར་མཇལ་དུས་ང་ལ་གང་བྱས་པ་ཡིན་ནམ་བསམས་པ་ཡོང་གིས། ཁོང་གི་རྩལ་ཅི་ཡང་ང་ལ་འབྱར་མི་འདུག

དེ་རིང་ངའི་བཙུན་མ་ཚོས་ཀུན་མཁྱེན་པདྨ་དཀར་པོས་མཛད་པའི་སྒྲུབ་ཐབས་རྒྱ་མཚོའི་ཁྲིད་བཤད་བྱེད་དགོས་པའི་རེ་སྐུལ་བྱས་བྱུང་བས། དེ་ལོས་ཡིན་བསམས་བྱུང༌། ང་ལ་ཁོང་གི་མཁྱེན་རྒྱ་མེད་ནའང་ཁོང་གི་བཀའ་ཆོས་དེར་གོམས་འདྲིས་ཡོད་སྟབས་ངས་སྒྲུབ་ཐབས་རྒྱ་མཚོའི་ཆོས་བཤད་བྱེད་ཐུབ་པའི་ཡིད་ཆེས་ཡོད་ན། ཤྲི་ལངྐའི་གོམ་འགྲོས་གནས་སྐོར་བསྒྲུབས་རྗེས་ལ་དྭགས་སུ་ཡོང་སྟེ་བཀའ་ཆོས་ཀྱི་སྐུལ་མ་ཞུ་མཁན་བཙུན་མ་རྣམས་ཙམ་ལ་མ་ཡིན་པར་བཅར་མཁན་ཀུན་ལ་ཉིན་བརྒྱད་རིང་ཆོས་བཤད་བྱེད་རྒྱུ་ཡིན། ཁྱེད་ཚོ་མང་པོ་ཞིག་ལ་ཕན་ཐོག་ཡོང་བའི་རེ་བ་ཡོད།

དེ་རིང་ཉིན་གཅིག་ལ་ངས་མཛད་རིམ་འཕར་མ་གཉིས་བསྣན་པ་ཡིན། ཕྱི་ཟླ་ ༩ ཚེས་ ༡༡ ནས་ ༡༥ བར་གར་ཞྭར་འགྲོ་རྒྱུ་དང༌། ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༡ ཚེས་ ༡༩ ནས་ཚེས་ ༢༦ བར་ལ་དྭགས་སུ་སྒྲུབ་ཐབས་རྒྱ་མཚོའི་ཆོས་བཤད་བྱེད་རྒྱུ། གཞན་ཕན་གྱི་བྱ་བས་དུས་འདའ་རྒྱུ་བྱུང་ན་ཡག་པོ་མ་རེད་དམ། ཁྱེད་ཚོས་ག་རེ་བསམ་གྱི་འདུག

You are here: མདུན་ངོས། གསར་གནས། ༢༠༡༢ གསར་མཛོད། སླར་ཡང་མཇལ་འཛོམས་བྱུང་བ།