༢༠༡༢ གསར་མཛོད།

སྐྱེ་བ་ཕྱི་མ་ཡོད་དམ།

༄༅། །དྲང་པོ་བཤད་ན་ངས་སྐྱེ་བ་ཕྱི་མ་མེད་ན་བསམས་ཀྱིས། ཉེ་ཆར་ངའི་སློབ་ཕྲུག་རྙིང་པ་ཞིག་གིས། ང་སྐྱེ་བ་ཕྱི་མར་ཉམས་སྣང་མེད། ཅེས་བརྗོད་བྱུང་བས། དེ་གོ་དུས་ཐོག་མར་ང་ཧ་ལས་པ་དང་དེ་ནས་བློ་ཕམ་བྱུང༌། འདི་འདྲ་ཡིན་ན་མི་སུ་གཅིག་ཚེ་འདི་ལ་སེམས་ཁྲལ་བྱེད་དགོས་དོན་མེད་པ་རེད། འོན་ཀྱང་དངོས་ཡོད་གནས་ཚུལ་ལ་འདི་འདྲ་མ་རེད། ང་ཚོའི་ལུས་ངག་ཡིད་གསུམ་གྱི་རྒྱུ་འབྲས་དེ་ང་ཚོས་མྱོང་དགོས་པས་ཚེ་ཕྱི་མའི་སེམས་ཁྲལ་དང་གྲ་སྒྲིག་བྱེད་དགོས་པ་ཡིན།

ངས་དངོས་གནས་ཚེ་ཕྱི་མ་མེད་ན་དྲན་གྱིས། ཚེ་ཕྱི་མ་མེད་ན་རང་ཉིད་སྐྱིད་པོ་ཡོང་ཆེད་སྣང་བར་གང་དྲན་བྱེད་ཆོག་པ་དང༌། རང་གི་བདག་འཛིན་དགའ་པོ་ཡོང་ཆེད་དང་འདོད་པ་སྐོང་ཆེད་སྲོག་གཅོད་སོགས་མི་དགེ་བའི་ལས་གང་རུང་བྱས་ཆོག་པ་རེད། ལས་ཅི་ཞིག་བྱས་ནའང་འབྲས་བུ་བཟང་ངན་གང་ཡང་མེད་པ་རེད། ལས་བཟང་པོ་ཞིག་བྱས་ནའང་འབྲས་བུ་བཟང་པོ་ཐོབ་རྒྱུ་མེད་པ་རེད། དེ་འདྲ་ཡིན་ན་མི་ཚེ་ལ་དོན་དག་མེད་པས་རང་ཉིད་བཟང་འགྱུར་མོང་ཐབས་བྱེད་དགོས་གང་ཡང་མེད་པ་རེད། ང་ཚོ་ཞོག་ཁོག་ལྟ་བུར་འགྱུར་གྱི་རེད། ཞོག་ཁོག་ལ་ཚེ་ཕྱི་མའི་བསམ་བློ་གཏོང་དགོས་མེད།

བློ་ཕམ་ཞིག་ལ་ལས་འབྲས་ཀྱི་གོང་ལ་སུ་ཡང་ཡོད་མ་རེད། ལས་འབྲས་དང་ཚེ་ཕྱི་མར་ཡིད་ཆེས་མ་བྱས་ནའང་འགྲིག་གི་རེད། ཡིན་ནའང་དེ་དག་མེད་པ་མ་རེད། འདིར་ངས་ལོ་སུམ་ཅུའི་གོང་གི་ངའི་འདྲ་པར་ཞིག་བཀོད་ཡོད། འདིས་ཚེ་ཕྱི་མའི་སྐོར་མངོན་གྱི་ཡོད། ངའི་ཕྱི་ཚུལ་ལ་འགྱུར་བ་ཕྱིན་ཡོད་པ་དང༌། འགྱུར་བ་དེ་ཡང་གློ་བུར་མ་ཡིན་པར་རིམ་འགྱུར་ཡིན། སྐད་ཅིག་གི་བདག་དེ་ཤི་ནས་སྐད་ཅིག་གཞན་མའི་བདག་དེར་འགྱུར་བ་ཡིན་པས་དེས་ཚེ་ཕྱི་མ་ཡོད་པ་བསྟན་གྱི་ཡོད། སྐབས་དེ་དུས་ངས་གང་བྱས་པ་དེའི་ཤུགས་རྐྱེན་ད་ལྟའང་ངའི་མི་ཚེ་ལ་ཐེབས་ཀྱིས་ཡོད། ང་ཆུང་དུས་ཁ་ཟས་ཕན་མེད་ཟོས་པ་དེས་ང་ཡར་འཚར་དུས་ན་རྐྱེན་བྱས་ཡོད། རྒྱུ་འབྲས་ཟེར་རྒྱུ་དེ་ཡོད་པ་གསལ་པོ་རེད།

ཆོས་ཉམས་ལེན་པས་ལས་འབྲས་ལ་ཡིད་ཆེས་མ་བརླགས་པ་བྱེད་རྒྱུ་དེ་གལ་ཆེན་པོ་རེད། ལས་འབྲས་ནི་སུས་ཀྱང་གཡོལ་ཐབས་མེད་པའི་ཡོངས་ཁྱབ་ཀྱི་ཁྲིམས་ཤིག་ཡིན། ལས་འབྲས་ཤེས་ན་ཁ་ཕྱོགས་དྲན་ཤེས་ཀྱིས་རང་ཉིད་ལམ་ཡང་དག་པའི་སྟེང་འཇོག་པ་ཡིན། སྐྱེ་བ་ཕྱི་མ་དང་སྐྱེ་བ་མང་པོ་ཡོད་པ་ཤེས་ན་ནོར་འཁྲུལ་བྱུང་ནའང་བཟང་འགྱུར་བྱེད་རྒྱུའི་གོ་སྐབས་ཡོད་པར་རང་གིས་རང་ལ་སེམས་སྐུལ་བྱེད་གྱུར་ཕན་ཐོག་ཡོད། ཚེ་ཕྱི་མ་མེད་ན་ང་ཚོར་ལྟད་བཟོ་གང་ཡང་མེད་པ་རེད། ཚེ་འདི་ལ་ཡག་པོ་མ་བྱུང་ན་གོ་སྐབས་གཞན་དག་མེད་པ་རེད། ཚེ་ཕྱི་མ་མེད་ན་འཛམ་བུ་གླིང་ལ་རེ་བ་གང་ཡང་མེད་པ་རེད། ཞོག་ཁོག་ལྟ་བུར་གང་ཡང་མ་བྱས་པར་སྡོད་རྒྱུ་རེད།

བཟང་ངན་གང་ཞིག་ཡིན་ནའང་ལས་འབྲས་ཀྱི་མྱོང་ཚོར་དགོས་པ་ཡིན། གོ་རྟོགས་འདི་ལ་བརྟེན་ནས་ང་ཚོས་གནས་ཚུལ་ཚང་མ་རང་གི་ལག་པར་ཡོད་པ་དང་རང་ཉིད་རང་གི་དཔོན་ཡིན་པ་ཤེས་ཐུབ་པ་དང༌། རང་གི་དབང་ཐང་ལ་ལེགས་བཅོས་དང་འགྱུར་བ་གཏོང་ཐུབ་པ་ཡིན། སྡུག་བསྔལ་མྱོང་རྒྱུ་དང་སྡུག་བསྔལ་གྱི་རྒྱུ་བསྒྲུབ་རྒྱུར་སྣང་དོགས་མེད་ན་སྐྱེ་བ་ཕྱི་མར་ཡིད་ཆེས་མ་བྱས་ནའང་འགྲིག་གི་རེད། འདི་བདེན་པ་མིན་ཙང་བློས་བཏང་ནས་གང་བྱེད། རང་གི་མི་ཚེ་མུན་ནག་དང་ཡི་མུག་ཅན་བཟོས་ནས་གང་བྱེད། ང་ཚོར་སྟོན་པ་བཅོམ་ལྡན་འདས་དང་ཁོང་གི་ཐུགས་སྲས་རྣམས་ཀྱིས་བསླབ་པའི་ཡོངས་ཁྱབ་བདེན་པ་དེ་སློབ་སྦྱོང་དང༌། ཤེས་རྟོགས། ཉམས་ལེན་བཅས་བྱེད་རྒྱུའི་མི་ཚེ་རླབས་ཆེན་འདི་འདྲ་ཞིག་ཡོད། བདེན་པ་འདི་ཡུད་ཙམ་ལྟ་བའི་གོ་སྐབས་མེད་པའི་སེམས་ཅན་གཞན་དང་བསྡུར་ན་ང་ཚོ་བསོད་བདེ་ཆེན་པོ་རེད།

སངས་རྒྱས་ཀྱི་གོ་འཕང་ཞེས་པ་དེ་ནི་དཀའ་སྡུག་ཆེན་པོའི་ལམ་མམ་རྒྱུད་རིམ་ཞིག་མིན། དེ་ནི་འདི་རུ་ཡོད་ལ་ད་ལྟ་ཡོད། ང་ཚོ་སངས་རྒྱས་ཡིན་ལ་ཡོངས་ཁྱབ་བདེན་པའང་ཡིན། ང་ཚོས་དེ་རྟོགས་ཐུབ་ཀྱི་མེད་ཙང་ཐེ་ཚོམ་དང་སྡུག་བསྔལ་གྱི་དཀྱིལ་འདིར་འགག་སྟེ་ལུས་ཡོད་པ་རེད། འདི་སངས་ཐུབ་ན་ང་ཚོ་སངས་རྒྱས་ཡིན་པ་དེ་མ་ཐག་ཏུ་རྟོགས་ཐུབ་པ་ཡིན།

ལམ་ལ་ཞུགས་པའམ་རྒྱུད་རིམ་དེ་ནི་སངས་རྒྱས་ཀྱི་གོ་འཕང་མིན། དེ་ནི་མྱོང་རྟོགས་ཀྱི་ཉམས་ལེན་ནམ་རང་གི་གདོད་མའི་རང་བཞིན་རྟོགས་པ་ཡིན། གོ་རྟོགས་ཀྱི་རྒྱུད་རིམ་དེ་རྙོག་ཟིང་ཅན་ཡོང་སྲིད་པ་དང་དཀའ་སྡུག་དང་འགྱོད་སེམས་ངང་འགག་པ་ཡང་སྲིད། འདི་ལ་གནད་འགག་མེད། དཀའ་བ་མ་དཔྱད་པར་འབྲས་བུ་ཐོབ་ཐབས་མེད་པས་དཀའ་སྡུག་མྱོང་དགོས་པ་ཡིན། དཀའ་སྡུག་མ་མྱང་ན་མི་ཚེར་ཡི་རང་བྱེད་ཐུབ་ཀྱི་མ་རེད། སྡུག་བསྔལ་ནི་ང་ཚོ་སོན་པོ་ཡིན་པ་དང་ང་ཚོར་གོ་སྐབས་ཡོད་པ་དྲན་སྐུལ་བྱེད་མཁན་རེད། ཅེས་རྒྱུན་དུ་ངས་རང་གིས་རང་ལ་བརྗོད་ཀྱི་ཡོད།

གྲོགས་པོ་དང་སློབ་མ་ཚོ། ཡི་ཆད་མ་བྱེད། ང་ཚོ་གོ་རྟོགས་ཀྱི་ལམ་བུའི་སྟིང་ལག་གདང་བཤིབས་ནས་བསྐྱོད་དགོས། ང་ཚོ་ཚེ་རབས་དུ་མར་མཉམ་དུ་ཡོད་ཅིང་ཚེ་རབས་ཕྱི་མར་ཡང་མཉམ་དུ་གནས་རྒྱུ་ཡིན། ལམ་གྱེན་ཐུར་གཟར་པོ་མང་པོ་བརྒྱུད་ཡོད་ཅིང་བརྒྱུད་དགོས་ཡོང་བ་དང༌། སྐབས་རེ་འགྲུལ་བཞུད་འཇམ་པོ་ཡང་ཡོང་བ་དང་སྐབས་རེ་ཁུ་སིམ་སིམ་ཉོབ་པོ་ཡོང་བ་ཡིན། ད་ནི་དགོང་མོ་བདེ་ལེགས་ཟེར་རན་འདུག

You are here: མདུན་ངོས། གསར་གནས། ༢༠༡༢ གསར་མཛོད། སྐྱེ་བ་ཕྱི་མ་ཡོད་དམ།