༢༠༡༢ གསར་མཛོད།

གསར་བུ་བའི་བློ།

༄༅། །ཁྱེད་ཆུང་ཆུང་སྐབས་ལ་ལྡུམ་རའི་ནང་རྩེད་མོ་རྩེ་བའམ། གླིང་ཁའི་ནང་རྒྱུག་པ་དྲན་གྱི་འདུག་གམ། ང་ཚོ་རྒན་རབས་ཚོ་ནང་བཞིན་དེང་སང་གི་ཕྲུ་གུར་རང་བྱུང་ཁམས་དང་སྦྲེལ་རྒྱུའི་སྤྲོས་པ་དེ་ཕལ་ཆེར་མེད་པ་འདྲ། དེང་སང་ཕ་མ་ཚོས་རང་གི་ཕྲུ་གུ་མགོ་སྐོར་ཆེད་ iPad དང་། iPhone གློག་ཀླད་རྩེད་མོ་དང༌། དེང་དུས་ཀྱི་འཕྲུལ་རྩལ་བེད་སྤྱོད་བྱེད་ཀྱི་ཡོད་རེད། ཕྲུ་གུར་དེང་དུས་ཀྱི་འཕྲུལ་རྩལ་རིགས་ངོ་སྤྲོད་བྱེད་རྒྱུ་ཡག་པོ་མ་རེད་ཟེར་གྱི་མེད་ཀྱང༌། ཕྲུ་གུ་ཚོ་རང་བྱུང་ཁམས་དང་རྒྱུན་རིང་ཙམ་བཤིབ་ཐུབ་ན་ཡར་སོན་སྐབས་རང་གི་འཚོ་བར་དེ་བས་ཡི་རངས་པ་ཡོང་གི་རེད།

དེང་སང་ཕ་མ་མང་པོ་ཞིག་གིས་ཕྲུ་གུ་གསོ་སྐྱོང་གི་ལས་འགན་དེ་སློབ་གྲྭ་དང༌། གཟུགས་མཐོང་རླུང་འཕྲིན། གློག་ཀླད་རྩེད་མོ་སོགས་ལ་སྟབས་བདེའི་ངང་སྤྲོད་ཀྱི་ཡོད། དེས་རྐྱེན་པས་ཕྲུ་གུ་འགའ་ཤས་ཕ་མ་དང་རྒྱང་ཐག་རིང་པོ་ཆགས་པའམ། ཡང་ན་གཞན་གྱི་སྡུག་བསྔལ་ལ་སྣང་མེད་དུ་སྡོད་ཀྱི་ཡོད། ཕྲུ་གུའི་བསམ་བློ་བཅོས་མའི་ཡོ་ཆས་ཀྱི་བཀང་ན་ཁོང་ཚོ་བཅོས་མ་དེའི་གཟུགས་བརྙན་ཞིག་ལ་འགྱུར་གྱི་རེད། ཕ་མ་ཞིག་ཡིན་པའི་ཆ་ནས་ཕྲུ་གུར་ལྟོ་སྟེར་རྒྱུ་ཙམ་མིན་པར་ཕྲུ་གུའི་བསམ་པའི་གསོ་སྐྱོང་བཟང་པོ་བྱེད་རྒྱུའི་ལས་འགན་ལྗིད་པོ་ཞིག་ཡོད།

གནས་ཚུལ་ཕལ་ཆེ་བ་ལས་དང་རྐྱེན་ལས་བྱུང་བ་ཡིན། ཕྲུ་གུ་ཁ་ཤས་ནི་ཁོར་ཡུག་ཁག་པོའི་ནང་འཚར་དགོས་བྱུང་ནའང་ཕྱིས་སུ་གང་ལེགས་ཡོང་གི་ཡོད། དེ་འདྲ་སོང་ཙང་ང་ཚོས་གང་ཡང་ལབ་ཐུབ་ཀྱི་མ་རེད། འོན་ཀྱང་ཁོང་ཚོ་རང་བྱུང་ཁམས་དང་ཉེ་པོ་འཇོག་དགོས་པ་དེ་གལ་གནད་ཆེན་པོ་ཡིན། རང་བྱུང་ཁམས་མ་རྟོགས་པར་ཕྲུ་གུས་དེ་ལ་བརྩི་མཐོང་བྱེད་མི་ཐུབ་ཅིང༌། རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་ཕོག་པའང་རྒྱུ་མཚན་འདི་ལ་བརྟེན་ནས་བྱུང་བ་ཡིན། ང་ཚོ་རང་བྱུང་ཁམས་དང་སྦྲེལ་ན་ང་ཚོས་རང་བྱུང་ཁམས་ཀྱི་གནས་སྟངས་དང་ང་ཚོས་དེ་ལ་ཇི་ཙམ་རྟེན་དགོས་དེ་ཤེས་ཀྱི་རེད། ཤེས་རྟོགས་འདི་བརྒྱུད་ནས་ང་ཚོས་རང་བྱུང་ཁམས་ཀྱི་རིན་ཐང་དེ་རྟོགས་ཐུབ་ཀྱི་རེད།

ང་ལོ་ ༥ ཙམ་ཡིན་སྐབས་མཚན་པོ་དགོན་པའི་ནང་གློག་བསད་ཡོད་མེད་སྐོར་གཡེང་བྱེད་པར་འགྲོ་བ་དྲན་གྱི་འདུག ང་ལུས་གཟུགས་ཆུང་ཆུང་ཡིན་སྟབས་སྤྱིར་གློག་གསོད་རྒྱུ་དང༌། ལྷག་པར་དུ་འཁྲུས་ཁང་དང་གསང་སྤྱོད་ཀྱི་གློག་གསོད་རྒྱུར་དཀའ་ངལ་ཡོང་གི་ཡོད། མི་མང་ཆེ་བས་གློག་གསོད་རྒྱུ་བརྗེད་འགྲོ་ཡི་ཡོད་པས། ངས་གློག་གསོད་རྒྱུ་དེ་རང་འཁྲིའི་འགན་ཞིག་ལ་བརྩི་ཡི་ཡོད། ངའི་ཐུགས་བརྩེ་ཅན་གྱི་ཡོངས་འཛིན་མཁན་པོ་ནོར་གཡང་གིས་ང་ལ་བསྟོད་པ་གནང་སྟེ་གྲྭ་པ་རྒན་པ་ཚོར། ཁོ་ལོ་གཟུགས་གཉིས་ཀ་ཆུང་ཆུང་ཡིན་ནའང་བསམ་བློ་ཆེན་པོ་ཡིན་པས་གློག་ནུས་སྲི་འཚག་བྱེད་ཀྱི་ཡོད་རེད། ཁྱེད་ཚོ་གཟུགས་པོ་ཆེན་པོ་ཡིན་ནའང་བསམ་བློ་ཆུང་ཆུང་རེད། ཁྱེད་ཚོས་བསམ་ཤེས་གང་ཡང་མ་བྱས་པར་གློག་མ་བསད་པ་དང་ཆུ་མ་བཀག་པར་འཇོག་གི་ཡོད་རེད། ཅེས་བཀའ་བཀྱོན་གནང་གི་ཡོད། ང་སྤྱིར་ལེ་ལོ་ཆེན་པོ་དང་འཚུབ་པོ་ཡིན་སྟབས་ངའི་དགེ་རྒན་བརྒྱད་པོ་རྣམས་ཀྱིས་ང་ལ་རྒྱུག་རྡུང་ཚ་པོ་གཏོང་གི་ཡོད། སྐབས་རེ་ང་དྲན་མེད་མ་འགྱེལ་བར་ཉེས་རྡུང་གཏོང་གི་ཡོད། ང་ཆུང་དུས་ཕ་མ་གཉིས་པོ་ང་མཉམ་དུ་མེད་སྟབས་སྡུག་པོ་ཡོང་གི་ཡོད། འོན་ཀྱང་ཁོང་རྣམས་དང་ལྷག་པར་དུ་མཁན་པོ་ནོར་གཡང་གིས་ངས་དགོང་མོ་དགོན་པར་་སྐོར་གཡེང་གིས་གློག་བཞུ་གསོད་པ་དེར་བསྟོད་པ་གནང་གི་ཡོད་པ་དེས་ངའི་བདག་འཛིན་སྐུལ་སློང་གིས་ངའི་རང་བྱུང་ཁམས་ལ་དགའ་བའི་རང་གཤིས་དེར་འཕུལ་འདེགས་གཏོང་བ་རེད།

རིམ་བཞིན་གཞན་དང་མཚུངས་པར་ང་ཡང་དེང་རབས་ཅན་གྱི་ལམ་ལ་ཞུགས་པ་རེད། ཕྱིས་སུ་ངས་འཁྲུས་ཁང་གི་བཞུ་མར་མ་བསད་པར་འཇོག་གི་ཡོད་ཚོད་འདུག འདི་ང་ཚོའི་སྐྱབས་འགྲོ་དང་ཉམས་ལེན་འདྲ་པོ་རེད། ཐོག་མར་འགོ་བཙུགས་སྐབས་ཧུར་བརྩོན་ཆེན་པོ་ཡོད་ཅིང༌། ཧ་ལམ་དེ་མ་ཉིད་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་འདོད་ཀྱིས་ང་ཚོས་ཉིན་རེར་ཕྱག་སྟོང་ཕྲག་མང་པོ་འཚལ་བ་དང༌། སྔགས་ཁྲི་ཕྲག་མང་པོ་བསགས་ཀྱི་ཡོད་ཀྱང་རིམ་བཞིན་བརྩོན་གྲུས་དལ་དུ་འགྲོ་ཡི་ཡོད་རེད། རྣམ་གཡེང་མང་བས་ང་ཚོས། སྔོན་ལ་ལྟད་མོ་ཞིག་བལྟ། དེ་ནས་ཉམས་ལེན་མཇུག་སྐྱོང་བྱས་ན་འགྲིག་གི་རེད། དེ་རིང་བྱེད་རྒྱུ་མ་བྱུང་ནའང་སང་ཉིན་བྱས་ན་འགྲིག་གི་རེད། ཅེས་ཟེར་གྱི་ཡོད་རེད། ཉམས་ལེན་གྱི་རྒྱུན་དེ་ལན་གཅིག་ཆད་པ་དང་སྦྲགས་ང་ཚོ་ཉོབ་པོ་ཆགས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་འདོད་ཀྱི་ཐོག་མའི་ཧུར་སེམས་དེ་གཏིང་བརྗེད་འགྲོ་གི་ཡོད་རེད། དེ་ལྟར་གཅིག་གིས་གཅིག་མུ་འབྲེལ་ནས་མཐར་གཤིས་ཀ་ངན་པ་རྙིང་པ་དེ་ཚོ་འབྱར་ནས་སྔོན་མ་ཆོས་ཞུགས་མ་བྱས་གོང་ལས་སྡུག་ཙམ་ཆགས་ཀྱི་ཡོད། ང་ཚོས་གང་བྱས་ནའང་ཆོས་ཉམས་ལེན་དང་གཞན་ཕན་གྱི་ཀུན་སློང་དེ་གཉིས་ལམ་ཐོག་ཏུ་གནས་དགོས་པ་གལ་ཆེན་པོ་ཡིན། དེ་མིན་ང་ཚོ་གསར་བུ་བའི་བློ་དེ་ལས་ཁ་ཕྱོགས་བྱོལ་འགྲོ་བ་ཡིན།

རང་བྱུང་ཁམས་སླར་གསོ་བྱེད་གལ་ལ་དམིགས་ནས་ངས་ཁྱེད་རྣམས་ལ་དྭགས་སུ་ཤིང་འཛུགས་ཀྱི་ཟིན་ཐོ་གསར་གཏོད་ལས་འགུལ་ནང་ཞུགས་རྒྱུར་སྐུལ་སློང་བྱེད་ཀྱི་ཡོད། ཁོར་ཡུག་སྲུང་སྐྱོབ་ཀྱི་དམ་བཅའ་བརྟན་སྲུང་ཡོང་ཆེད་ཚང་མའི་རྒྱབ་བསྐྱོར་དགོས་པ་ཡིན། ལ་དྭགས་སུ་དཔལ་ལྡན་འབྲུག་པའི་ལོ་འཁོར་ལྷན་འཛོམས་ཐེངས་བཞི་པར་ཚང་མ་མཇལ་ཡོང༌།། །།