༢༠༡༢ གསར་མཛོད།

ང་ཡག་ཤོས་ཡིན་བསམ་པ།

༄༅། །གལ་ཏེ་ང་ཚོས་རང་གི་སེམས་སྒྲར་ལེགས་པར་ཉན་ན། ལས་ཀ་འདི་བྱེད་མཁན་ང་ཡིན་ན་འགྲུབ་འབྲས་འདི་ལས་ལེགས་པ་ཡོང་གི་རེད། ཟེར་བ་དང་། མཛད་རིམ་གོ་སྒྲིག་པ་ང་ཡིན་ན་ལམ་ལྷོང་འདི་ལས་ཆེ་ཙམ་ཡོང་གི་རེད། ཟེར་བ་དང་། བྱུས་བཀོད་པ་ང་ཡིན་ན་འདི་ལས་མཚར་བ་ཡོང་གི་རེད། ཟེར་བ་སོགས་ཐོས་ཀྱི་རེད། ང་ཚོས་གཞན་གྱིས་གང་བྱེད་ལ་བལྟ་བ་དང་། གཞན་གྱི་འཚོ་བ་བསྐྱེལ་སྟངས་ལ་བལྟ་བཞིན་ང་ཚོའི་བདག་འཛིན་གྱིས། ང་ཡག་ཤོས་ཡིན། ང་སྟོབས་ཆེ་ཤོས་ཡིན། ང་དབང་ཆེ་ཤོས་ཡིན། ང་སྙན་གྲགས་ཆེ་ཤོས་ཡིན། སོགས་ཟེར་གྱི་ཡོད།

ང་ཚོའི་སེམས་ནང་རང་འདོད་ཀྱི་བློ་ཆེ་བའི་རྐྱེན་གྱིས་གཞན་དག་ལ་གུ་ཡུལ་འཇོག་གི་མེད་ཅིང་། ང་ཚོའི་སེམས་ཚོར་རྒོད་པོར་འགྱུརདེ་བ་དང་། ང་ཚོ་ཚོད་འཛིན་མེད་ཆགས་ཀྱི་ཡོད། སྨྱོན་པ་ཆགས་ཀྱི་རེད་མ་ཟེར་ནའང་དེ་དང་ཆ་མཚུངས་བ་ཞིག་ཏུ་འགྱུར་གྱི་རེད། ང་ཡག་ཤོས་ཡིན། ང་ལས་ལྷག་པ་མེད་བསམ་པའི་སེམས་ཚོར་དྲག་པོ་དེའི་རྐྱེན་གྱིས་ང་ཚོས་ཤེས་རྨོངས་ཀྱི་བསམ་བློ་ཤར་བ་དང་། ལས་ཀ་བྱེད་པ། གཏམ་སྨྲ་བ་སོགས་བྱེད་པ་ཡིན། འདི་ལ་ངས། སེམས་ཚོར་གྱི་ར་བཟི། ཞེས་སམ། ང་ཡག་ཤོས་ཡིན་བསམ་པའི་ནད་ཅེས་འབོད་ཀྱི་ཡིན།

ལྷག་པར་དུ་རང་གི་མཐའ་སྐོར་དུ་འདོད་གཏམ་ཁོ་ན་ཤོད་མཁན་རྐྱང་ཡོད་ན། ཡག་ཤོས་ཡིན་བསམ་པའི་མྱོས་བྱེད་ཀྱི་རྒྱའི་ནང་ལྷུང་རྒྱུ་ལས་སླ་པོ་ཡིན། ང་རང་གིས་གཙོས་པའི་མི་ཐམས་ཅད་གཏམ་སྙན་པོ་ཁོ་ན་ཉན་འདོད་པ་དང་། གང་བྱས་ལ་ལེགས་སོའི་བསྟོད་པ་གོ་འདོད་བྱེད་པ་ཡིན། འདི་འདྲའི་སྐབས་སུ་སེམས་ཚོར་གྱི་དབང་དུ་མི་འགྲོ་བའི་ཆེད་དང་། ཡག་ཤོས་ཡིན་བསམ་པའི་ནད་རྟགས་མི་ཡོང་ཆེད་ངས། ང་འདི་འདྲའི་ཡག་པོ་ཞིག་ཡོད་དམ། ཅེས་འདྲི་གི་ཡོད།

དུས་འདའ་བཞིན་ངའི་རྣ་མཆོག་མཐུག་པོ་ཆགས་ཡོད་པ་དང་། ངས་ཕྱོགས་ཚང་མའི་སྐད་ཆ་ཉན་གྱི་ཡོད་ཅིང་། ཚང་མས་རང་ཉིད་བདེན་པ་དང་། ཡག་པོ་ཡིན། གཞན་ནོར་བ་ཡིན་སེམས་ཀྱི་ཡོད་སྟབས་ཡག་ཉེས་ཀྱི་དཔྱད་འདོམས་བྱེད་ཀྱི་མེད། ང་མི་སྟོང་ཕྲག་མང་པོ་ཐུག་མྱོང་ལ་ཚང་མས་རང་གི་བསམ་ཚུལ་མི་འདྲ་བ་རེ་ཤོད་ཀྱི་འདུག ངའི་གཅེས་ཉར་སྲོག་ཆགས་དང་ཁྱི་ཡིས་ཀྱང་རང་ཉིད་གཙང་མ་དང་ཡག་པོ་ཡིན་བསམ་པས་སྲོག་ཆགས་གཞན་ལ་སྐྱོན་བརྗོད་རྣམ་འགྱུར་དེ་ལྟར་སྟོན་གྱི་འདུག གལ་ཏེ་རང་ཉིད་ཡག་ཤོས་ཡིན་བསམ་པའི་བློ་ཞིག་ཤར་གྱི་འདུག་ན་འགྲུལ་བཞུད་ལམ་ཐག་རིང་པོ་ཡོད་པ་ཤེས་དགོས་ཤིང་། ཆོས་ཉམས་ལེན་རང་གི་སེམས་ཐོག་འཁེལ་བ་དང་གོ་རྟོགས་འཕེལ་ཐབས་ལ་འབད་དགོས་པ་ཡིན།

འཛམ་གླིང་ནང་གི་རྙོག་ཟིང་ཀུན་ཡང་རང་ཉིད་ཡག་ཤོས་ཡིན་བསམ་པའི་སྒེར་གྱི་བསམ་བློ་དེ་ལས་བྱུང་བ་དང་། ཐུན་མོང་གི་བསམ་བློ་དེས་རྐྱེན་པས་རྒྱལ་ཁབ་ཁག་རང་བྱུང་ཐོན་ཁོངས་དང་གཏེར་ཁ་སོགས་འཁྲོག་རེས་ཀྱི་འཐབ་རྩོད་བྱེད་པ་ཡིན། སྒེར་ནང་ཁུལ་གྱི་རྩོད་རྙོག་ནས་འཛམ་གླིང་གི་རྩོད་རྙོག་བར་ཚང་མ། ང་ཡག་ཤོས་ཡིན། བསམ་པའི་བློ་དེ་ལས་བྱུང་བར་སེམས། རང་ཅག་ནང་པ་སངས་རྒྱས་པའི་ཆོས་བརྒྱུད་ནང་ཁུལ་འཆམ་མཐུན་མེད་པའི་རྐྱེན་ཡང་རང་ཉིད་ཡག་ཤོས་ཡིན་པ་དག་ཕུད་བྱེད་ཐབས་བྱས་པ་དེ་ཡིན་ཅིང་། དེའི་ཞོར་དུ་རང་ཉིད་ཀྱི་ཤེས་རྟོགས་འཕེལ་ཐབས་དང་རྨོངས་མུན་སེལ་ཐབས་དེ་འཐུས་ཤོར་འགྲོ་གི་ཡོད།

You are here: མདུན་ངོས། གསར་གནས། ༢༠༡༢ གསར་མཛོད། ང་ཡག་ཤོས་ཡིན་བསམ་པ།