༢༠༡༢ གསར་མཛོད།

རྩི་བཀུར་ནི་ཕྱོགས་ཉིས་འགྲུལ་གྱི་ལམ་བུ་ཞིག་ཡིན།

༄༅། །རྩི་བཀུར་ཞེས་པའི་དོན་ག་རེ་རེད་དམ། སྤྱིར་བཏང་ང་ཚོ་མང་ཆེ་བས་མི་གཞན་གྱིས་རང་ཉིད་ལ་རྩི་མཐོང་ཐོབ་ཐབས་སམ། གཞན་གྱིས་རང་ཉིད་ལ་རྩི་བཀུར་བྱེད་ཀྱི་ཡོད་མེད་ཞིག་ལ་བསམ་གྱི་ཡོད། ང་ཚོས་རྩི་བཀུར་ཞེས་པ་དེ་ཕྱོགས་ཉིས་འགྲུལ་གྱི་ལམ་བུ་ཞིག་ཡིན་པ་དེ་ཕལ་ཆེར་བསམ་ཤེས་བྱེད་ཀྱི་མེད། ང་ཚོས་གཞན་ལ་རྩི་བཀུར་བྱས་ན་གཞན་གྱིས་རང་ལ་རྩི་བཀུར་བྱེད་པ་ནི་བརྗོད་མ་དགོས་པ་ཞིག་རེད། འོན་ཀྱང་རྒྱུན་དུ་ང་ཚོས་འདི་འདྲ་མ་བྱས་པར་རང་ཉིད་རྩེ་ཕུད་ཡིན་བསམ་བཞིན་གཞན་ལ་གུས་རྩི་མི་བྱེད་པ་དང་། ཁྱད་སོད་བྱེད་ཀྱིན་ཡོད་སྟབས་གཞན་གྱིས་རང་ཉིད་ལ་སྣང་བྱེད་དུས་དྲན་འཚོ་མ་ཟིན་པ་ལྟ་བུར་འགྱུར་གྱི་ཡོད།

དཔེར་ན། ང་ཚོས་ཁོར་ཡུག་ལ་རྩི་བཀུར་བྱེད་ཀྱི་མེད་སྟབས་དེའི་ཉེར་ལེན་གྱིས་རྐྱེན་ངན་རྒུད་ཆག་དང་གནམ་གཤིས་འགྱུར་ལྡོག་སོགས་མྱང་གི་ཡོད། མི་གཞན་དང་འབྲེལ་བའང་དེ་མཚུངས་རེད། རྣམ་ཀུན་ང་ཚོས་རང་ཉིད་ཡག་ཤོས་ཡིན་སྟབས་ནོར་འཕྲུལ་མེད། གཞན་ཐམས་ཅད་ནོར་འཕྲུལ་ཅན་རེད་བསམ་གྱི་ཡོད། གལ་ཏེ་ནོར་འཕྲུལ་ཞིག་བྱུང་ན་དངོས་ཡོད་གནས་ཚུལ་ལ་བརྟགས་དཔྱད་མ་བྱེད་པ་དང་། རང་ཉིད་ལ་དཔྱད་པ་མ་བྱེད་པར་གཞན་ལ་ཁག་དཀྲི་བྱེད་པ་ཡིན། འཇིག་རྟེན་འདིའི་ནང་བྱེད་སྟངས་འདི་སྤྱང་གྲུང་འཛོམས་པ་ཞིག་མ་རེད་བསམ་གྱིས། བྱེད་སྟངས་འདིས་རང་ཉིད་ལ་དཀའ་ངལ་བཟོ་གི་རེད།

ད་ལམ་ལ་དྭགས་སུ་དོན་བརྒྱུད་དཔལ་ལྡན་འབྲུག་པའི་ལོ་འཁོར་ལྷན་འཛོམས་ཐེངས་བཞི་པའི་སྐབས་སྐྱིད་པོ་ཞེ་དྲག་བྱུང་། མི་མང་ལ་བསམ་འཆར་ཤོད་རྒྱུའི་གོ་སྐབས་སྤྲད་པ་དེས་བགྲོ་གླེང་ཚོགས་འདུ་ཡག་པོ་བྱུང་འདུག རིག་གཞུང་འཁྲབ་སྟོན་ཡང་མཚར་སྡུག་ལྡན་པ་བྱུང་སོང་བ་དེའི་རྒྱུ་རྐྱེན་གཙོ་བོ་ནི་འཁྲབ་སྟོན་པ་རྣམས་ནས་གཏམ་གྲགས་ཀྱི་དོན་དུ་མ་ཡིན་པར་སྙིང་ཐག་པ་ནས་དགའ་སྤྲོའི་ངང་འཁྲབ་སྟོན་བྱས་པ་དེ་ཡིན། ཕན་ཚུན་མཛའ་འབྲེལ་ལོངས་སུ་སྤྱོད་ཆེད་ང་ཚོ་མཉམ་འཛོམས་བྱས་པ་ཞིག་ཡིན་སྟབས་སེམས་ངལ་མེད་པ་དང་། དཀའ་སྡུག་ཤོད་མཁན་མེད་པ་རེད། ༧སྐྱབས་རྗེ་ཐུགས་སྲས་རིན་པོ་ཆེ་དང་། ༧སྐྱབས་རྗེ་གླང་སྣ་རིན་པོ་རྣམ་གཉིས་ཀྱི་དབུ་འཁྲིད་འོག་སྒྲིག་འཛུགས་ཚག་ཚུད་གནང་འདུག་པར་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འབྲུག་པ་གཞོན་ནུ་ཚོགས་པའི་ཚིགས་མི་རྣམས་དང་། ཧེ་མི་དགོན་པའི་དགེ་འདུན་པ་རྣམས་ནས་དཀའ་སྤྱད་འབད་བརྩོན་གནང་བར་རྗེས་སུ་ཡི་རང་ཡོད། ཧེ་མི་དེ་ཉིད་སྙིང་རྗེ་དང་ཤེས་རབ་ཀྱི་དཀྱིལ་འཁོར་གསོན་ཉམས་ལྡན་པ་ཞིག་ལ་གྱུར་བ་མངོན་གསལ་འདུག

ངས་རྒྱུན་དུ། ཤོད་རྒྱུ་མང་པོ་བཤད་ཟིན་པས་ད་ཆ་དངོས་སུ་ལས་ཀ་བྱེད་དགོས་ཟེར་གྱི་ཡོད། དཔལ་ལྡན་འབྲུག་པའི་ལོ་འཁོར་ལྷན་འཛོམས་དེ་ཡང་ལས་འཆར་སྤེལ་ཐབས་བཟང་པོ་ཞིག་རེད་བསམ་གྱིས། ཤིང་བཙུགས་བྱས་པ་དེ་ནི་ད་རེས་ཀྱི་ཁྱད་ཆོས་མངོན་གསལ་དོད་ཤོས་ཤིག་ཡིན། རང་བྱུང་ཁམས་ལ་ལེགས་སྐྱེས་འབུལ་རྒྱུ་བྱུང་བ་དེ་ནི་བྱ་བ་བཟང་པོ་ཞིག་རེད། མི་དང་མིའི་བར་རམ། སེམས་ཅན་ནང་ཁུལ་ལམ། རང་བྱུང་ཁམས་སོགས་དང་འབྲེལ་བ་གང་ཡོད་ཐམས་ཅད་ཕན་ཚུན་སྤྲོད་ལེན་གྱི་གནས་སྟངས་ཤིག་ཆགས་ཡོད། ཚང་མ་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན་པས། འཇིག་རྟེན་འདིའི་ནང་གཞན་ལ་མ་བརྟེན་པར་གནས་ཐུབ་བསམ་པ་ནི་གླེན་རྟགས་རེད།

ལ་དྭགས་ས་གནས་འཛིན་སྐྱོང་དང་འབྲུག་ཡུལ་གཞུང་ནས་རྒྱབ་སྐྱོར་གནང་བ་དེ་ནི་སྙིང་སྟོབས་འཕེལ་བ་ཞིག་བྱུང་། དོན་བརྒྱུད་དཔལ་ལྡན་འབྲུག་པའི་ལོ་འཁོར་ལྷན་འཛོམས་ལ་འབྲུག་ཡུལ་གཞུང་ནས་བློན་པོ་མི་འགྱུར་རྡོ་རྗེས་དབུས་སྐུ་ཚབ་མང་པོ་གཏོང་གནང་མཛད་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལྷན་འཛོམས་གྲ་སྒྲིག་ཆེད་ལ་དྭགས་ས་གནས་འཛིན་སྐྱོང་དང་དམག་མིས་རྒྱབ་སྐྱོར་ཧ་ཅང་ཆེན་པོ་གནང་འདུག ཕྱོགས་ཐ་དག་ནས་རོགས་སྐྱོར་མེད་ན་འདི་ལོ་ཧེ་མིར་ལོ་འཁོར་ལྷན་འཛོམས་གོ་སྒྲིག་བྱེད་ཐུབ་མི་སྲིད་པ་ལྟ་བུ་རེད།

དཔལ་ལྡན་འབྲུག་པའི་ལོ་འཁོར་ལྷན་འཛོམས་ཐེངས་རྗེས་མར་རེ་སེམས་ཆེན་པོ་འཆང་བཞིན་ཡོད། ལོ་རེ་ནས་ལོ་རེ་ཡག་ཏུ་འགྲོ་བར་ངས་ཡིད་ཆེས་བྱེད་ཀྱི་ཡོད།

You are here: མདུན་ངོས། གསར་གནས། ༢༠༡༢ གསར་མཛོད། རྩི་བཀུར་ནི་ཕྱོགས་ཉིས་འགྲུལ་གྱི་ལམ་བུ་ཞིག་ཡིན།