༢༠༡༢ གསར་མཛོད།

ངའི་འཛམ་གླིང་། ང་ཚོའི་འཛམ་གླིང་།

༄༅། །ང་ཚོ་ཆོས་བྱེད་མཁན་མང་ཆེ་བས་ཆོས་ཀྱིས་དཀའ་རྙོག་ཐམས་ཅད་སེལ་ཐུབ་པར་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། ངས་ནི། འཛམ་གླིང་འདི་ཕྱོགས་ཡོངས་ནས་མཐོང་ཐབས་སུ་ཆོས་ཀྱིས་ང་ཚོའི་སེམས་སྒོ་བཟོ་སྦྱོར་བྱེད་ཀྱི་ཡོད་པ་དང་། དཀའ་རྙོག་སེལ་ཐབས་སུ་འཇིག་རྟེན་ནམ་ཕྱི་དངོས་པོའི་རམ་འདེགས་དགོས་པར་སེམས། བསམ་བློ་འདི་ནོར་འཁྲུལ་ཡིན་སྲིད་ནའང་ཆོས་བྱེད་པར་ཕྱི་དངོས་པོའི་འཚོ་སྐྱོང་ངེས་པར་དགོས་པ་ཡིན་བསམ་གྱི་འདུག ཕྱི་དངོས་པོའི་ཡར་རྒྱས་ཆེད་ཆོས་སྤོང་དགོས་དོན་མེད་པ་དང་། ཆོས་སྒྲུབ་པར་ཕྱི་དངོས་པོའི་ཡར་རྒྱས་སྤོང་དགོས་དོན་མེད། མི་ཚེ་དོ་སྙོམ་ཡོང་ཆེད་འདི་གཉིས་མཉམ་དུ་འགྲོ་དགོས་པར་སེམས།

དེང་སང་ཟིང་འཁྲུག་དང་གོད་ཆག་ཇི་སྙེད་ཅིག་ཡོང་དང་ཡོང་བཞིན་པ་ཡིན་པ་ཡང་སེམས་གཙོ་དང་དངོས་གཙོའི་རིང་ལུགས་དབར་དོ་སྙོམ་མེད་པར་བརྟེན་ནས་བྱུང་བ་ཡིན། སེམས་གཙོས་སེམས་ཅན་ཐམས་ཅད་ལ་བྱམས་བརྩེ་བྱེད་དགོས་པར་བསྟན་པ་དང་། དངོས་གཙོས་མི་སྒེར་སོ་སོའི་ལམ་ལྷོང་ངམ་ཡར་རྒྱས་གཙོ་བོར་འཛིན་པ་ཡིན། ཡང་གཞན་གྱི་དོན་དུ་མི་སྒེར་སོ་སོའི་ངོས་ནས་ལམ་ལྷོང་བྱུང་ན་འཛམ་གླིང་འདི་ལེགས་བཅོས་ཡོང་གི་རེད། མ་རེད་དམ།

མདོ་དོན་སྙིང་པོ་ནི་འཇིག་རྟེན་གྱི་འཚོ་བ་འདི་ཆོས་ཕྱོགས་ནས་ཤེས་རྟོགས་དགོས་པ་དང་། ནང་སེམས་ཀྱི་ཡར་རྒྱས་ཆེད་འཇིག་རྟེན་གྱི་རྒྱབ་སྐྱོར་དགོས་པ་ཡིན་ཅིང་། རང་གི་མི་ཚེར་དཀའ་ངལ་མི་འབྱུང་ཆེད་འདི་གཉིས་ཀ་དགོས་པ་ཡིན།

ཉེ་བའི་ཟླ་བ་ཁ་ཤས་ནང་ངས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུ་ཁག་དང་། ཡུ་རོབ་རྡུལ་ཕྲན་ཉམས་ཞིབ་སྒྲིག་འཛུགས་(CERN) དང། མཉམ་སྦྲེལ་རྒྱལ་ཚོགས་འཕྲོད་བསྟེན་སྒྲིག་འཛུགས་ (WHO) དང། རྒྱ་གྲམ་ལྗང་ཁུ་ (Green Cross) སོགས་གླེང་བསྟེག་འདྲ་མིན་སར་ཚན་རིག་དོན་གཉེར་ཅན་དང་། གྲགས་ཅན་མི་སྣ། ཚོང་པ། འབྲེལ་ཆེན་ཆབ་སྲིད་པ། གློག་བརྙན་འཁྲབ་མཁན། གླུ་པ་སོགས་མི་སྣ་འདྲ་མིན་སྣ་ཚོགས་ཤིག་ཐུག་འཕྲད་བྱུང་། འཛམ་གླིང་འདི་ནི་མི་སྣ་འདྲ་མིན་ལས་གྲུབ་པ་ཡིན་སྟབས་འདིས་ང་ཚོའི་མི་ཚེ་ཐུང་ཐུང་འདི་བློ་ལ་ཐད་པོ་དང་བཀྲག་མདངས་ཅན་བཟོ་བ་ཡིན།

ངས་ཨ་རིའི་གཟུགས་མཐོང་རླུང་འཕྲིན་གྱི་བཅར་འདྲི་ཞིག་གི་སྐབས་མཐུན་བསྒྲིལ་ཞེས་པ་ནི་འགོ་འཁྲིད་གཅིག་གིས་མི་ཚང་མ་རང་གི་དབང་འོག་བཙུགས་པ་ཞིག་ལ་ཟེར་གྱི་མ་རེད་ཅེས་བརྗོད་རྒྱུ་བྱུང་། འདི་འདྲ་བྱས་ན་གནས་སྐབས་ཤིག་གི་རིང་ལམ་འགྲོ་ཡོང་ནའང་མི་ཚང་མ་རང་བཞིན་མ་འདྲ་བ་སོང་ཙང་ཕུགས་སུ་དཀའ་སྡུག་ཆེན་པོ་མྱང་གི་རེད། མི་རིགས་འདྲ་མིན་དང་། རྒྱབ་ལྗོངས་འདྲ་མིན། རིག་གཞུང་འདྲ་མིན། གོམ་གཤིས་འདྲ་མིན་སོགས་ལ་ཕན་ཚུན་བསམ་ཤེས་དང་སྤེལ་རེས་ཀྱིས་རྩི་བཀུར་བྱས་ན་ང་ཚོ་ཚང་མར་འདོད་པའི་འཛམ་གླིང་ཞི་བདེ་དེ་རིམ་བཞིན་འགྲུབ་ཐུབ་སྲིད། མི་མཐུན་པའི་ཆ་རྣམས་བསམ་ཤེས་ཀྱིས་གཞན་ལ་རྩི་མཐོང་བྱེད་ཐུབ་ན་ནང་སེམས་ཀྱི་ཞི་བདེ་འབྱུང་བ་ཡིན། ཡང་དག་པའི་ཡི་རང་དང་རྩི་བཀུར་གྱི་མཐུ་ལས་རང་དབང་དང་འཇིགས་པ་མེད་པའི་བློ་སྟེ། རང་དབང་ལ་བརྟེན་པས་འཇིགས་པ་མེད་པ་དང་། རང་ཉིད་ཀྱི་བློ་སྤོབས་ལ་བརྟེན་པས་འཇིགས་པ་མེད་པའི་བློ་ཞིག་ཤར་བ་ཡིན།

ང་ཚོ་ཆོས་བྱེད་པ་ཚོས་སེམས་ཅན་གྱི་དོན་བྱེད་དགོས་པ་མང་པོ་ཞིག་ཤོད་ཀྱི་ཡོད་ཀྱང་དངོས་སུ་ལག་ལེན་ཞེ་དྲག་བསྟར་གྱི་མི་འདུག་སྙམ་གྱིས། ང་ཉེ་ཆར་ CERN དང་ WHO གཉིས་ཀྱི་སྤྱི་ཁྱབ་ལས་སུ་བསྐྱོད་སྐབས་དེ་གའི་ཚན་རིག་པ་དང་སྨན་པ་ཚོས་ང་ཚོའི་དཀའ་སྡུག་སེལ་ཐབས་སུ་ཧ་ལས་པའི་ལས་ཀ་ཇི་མང་པོ་བྱས་ཡོད་པ་མཐོང་བྱུང་། སྒོམ་ཉམས་ལེན་གྱི་ན་མཐོ་པོར་སོན་པའམ་ཉམས་མྱོང་ཡོད་པའི་ཆ་ནས་ང་ཚོས་ཆོས་ཐམས་ཅད་སྟོང་པ་ཉིད་དམ། ཕྱག་རྒྱ་ཆེན་པོ་ཡིན་པ་སོགས་རྟོགས་ཤིང་ལས་རྒྱུ་འབྲས་ཀྱི་རྣམ་བཞག་ཆ་ཚང་ཤེས་ཀྱི་ཡོད་ནའང་། ཚན་རིག་པ་དང་སྨན་ལས་པ་དེ་ཚོ་ལྟ་བུའི་ལས་ཀ་ང་ཚོས་བྱས་ཨ་ཡོད་དམ་བསམ་གྱིས། ཁོང་ཚོས་དངོས་གནས་ལས་ཀ་ཞེ་དྲག་བྱེད་བཞིན་འདུག འཛམ་གླིང་ནང་གི་ཚན་རིག་པ་དང་སྨན་པ་མཚན་མཐོང་ཆེ་ཤོས་༢༠༠ ལྷག་ཞིག་CERN ནང་ཉིན་མཚན་མེད་པར་ལས་ཀ་བྱེད་ཀྱི་འདུག ང་ཚོས་དྲྭ་གནས་ཐོག་གནས་ཚུལ་མཐུད་པའི་དྲྭ་ཚིགས་མདུན་མཐོང་རྒྱུའི་ www ཞེས་པ་དེ་ཡང་ CERN ཚན་རིག་པ་ཚོས་གསར་གཏོད་བྱས་པ་ཞིག་རེད།

ང་ཇི་ནེ་ཝར་ཁོང་ཚོའི་ལས་ཁུངས་སུ་བསྐྱོད་སྐབས་ཚང་མ་སྤྲོ་སྣང་ཆེན་པོ་དང་གདོང་པ་འཛུམ་མུལ་མུལ་ཅན་ཤ་སྟག་མཐོང་བྱུང་། དེ་ནི་ཁོང་ཚོའི་མི་ཚེར་གཞན་ཕན་གྱི་བྱ་བ་བྱེད་པའི་དམིགས་ཡུལ་ཁ་གསལ་ཡོད་པའི་རྐྱེན་གྱིས་ཡིན་གྱི་རེད། གཞན་ཕན་གྱི་མི་ཚེ་བསྐྱལ་ན་བདེ་སྐྱིད་ཡོང་ངེས་ཡིན་པ་ནི་ཡོངས་ཁྱབ་ཀྱི་བདེན་པ་ཞིག་རེད། ང་ཚོས་རང་དོན་ཙམ་མིན་པར་གཞན་དོན་བསྒྲུབ་ཐུབ་ན་བློ་སྤོབས་ཀྱི་མདངས་ཤིག་རང་བཞིན་གྱིས་འཕྲོ་ཡི་རེད། རང་གི་མི་ཚེ་དེ་དོན་ལྡན་ཞིག་ཏུ་འགྱུར་བ་དང་རང་འདོད་ཆུང་དུ་ཕྱིན་ནས་བདེ་སྐྱིད་ཀྱི་ལམ་ཐོག་བསྐྱོད་ཐུབ་པ་ཡིན།

ཁོང་ཚོས་ང་ཚོ་བྱམས་བརྩེའི་འཚོ་བའི་ (Live to Love) ཚབ་བྱས་ཏེ་འབོད་དེ་རང་གི་ཉམས་མྱོང་ཚད་གཞི་ཅན་དེ་མཉམ་སྤྱོད་བྱེད་རྒྱུ་བྱུང་བར་དགའ་སྤོབས་ཆེན་པོ་བྱུང་། ང་ཚོར་མཉམ་སྤྱོད་བྱེད་རྒྱུ་ཞིག་ཡོད་པ་དེ་ཡང་ལེགས་ཆ་ཞིག་རེད་སྙམ། མ་རེད་དམ། སེམས་ཅན་ཐམས་ཅད་ལ་རང་བཞིན་གྱིས་ལེགས་ཆ་རེ་མཐུན་སྦྱོར་བྱེད་རྒྱུའི་ནུས་པ་ཡོད་པ་དེར་ཡང་ཡི་རང་དང་རྩི་མཐོང་བྱེད་དགོས་པ་ཞིག་ཡིན་པས་ན་མ་འོངས་པར་ངས་ཚན་རིག་པ་དང་སྨན་པ་ཚོའི་མཉམ་དུ་ལས་ཀ་བྱེད་ཐུབ་པའི་རེ་བ་ཡོད། ཆོས་དང་ཚན་རིག་དབར་འབྲེལ་བ་གཟབ་མོ་ཞིག་ཡོད་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད། དེ་ཡང་ང་ཁོ་ནའི་འཛམ་གླིང་མིན་པར་ང་ཚོ་ཚང་མའི་འཛམ་གླིང་ཡིན་པས། དེ་ལེགས་བཅོས་ཆེད་ང་ཚོས་ཐུན་མོང་གི་འབད་རྩོལ་བྱེད་དགོས། ཆོས་ཕྱོགས་ཀྱི་གོ་རྟོགས་ཆེ་རུ་ཕྱིན་པ་དེས་ཚན་རིག་ཡར་རྒྱས་ལ་འཇིག་ཉེན་མི་དགོས་པ་དང་། ཚན་རིག་ཡར་རྒྱས་ཀྱིས་ཆོས་ཕྱོགས་ཀྱི་གོ་རྟོགས་སྤེལ་རྒྱུར་འགོག་རྐྱེན་བྱེད་དོན་མེད། དེ་གཉིས་ཀ་དགོས་པ་ཡིན་པས། ཕན་ཚུན་ཁ་སྐོང་བྱེད་དགོས།

ངས་བྱམས་བརྩེ་འཚོ་བའི་ (Live to Love) ཡན་ལག་ཁག་ཏུ་ལས་ཀ་བྱེད་བཞིན་པའི་ངའི་སློབ་མ་དང་གྲོགས་པོ་ཚོས་སེམས་གཙོ་དང་དངོས་གཙོ་རིང་ལུགས་ཀྱི་སྦྲེལ་ཟམ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོའི་ལས་ཀར་ཡར་རྒྱས་ཕྱིན་ཡོད་ནའང་ད་དུང་ལམ་ཐག་རིང་པོ་བསྐྱོད་དགོས། ངས་ནིའུ་ཡོག་ཏུ་ཡོད་པའི་རྒྱལ་སྤྱིའི་བྱམས་བརྩེའི་འཚོ་བ་ (Live to Love International) དང་། ཇར་མི་ནིའི་བྱམས་བརྩེའི་འཚོ་བ་གཉིས་ནས་ལས་འགུལ་རིམ་པ་འདྲ་མིན་སྤེལ་འགོ་བཙུགས་པར་དམིགས་བསལ་ངོ་བསྟོད་བྱེད་རྒྱུ་དང་། སུའི་སི་དང་ཕཱ་རན་སིའི་བྱམས་བརྩེའི་འཚོ་བའི་སྡེ་ཚན་ནས་ང་དང་ངའི་བཙུན་མ་ཚོའི་སྐོར་བསྐྱོད་གོ་སྒྲིག་བྱས་པར་བར་དགའ་སྤྲོ་ཆེ། ཕཱ་རན་སིའི་བྱམས་བརྩེའི་འཚོ་བའི་སྡེ་ཚན་གྱིས་ཕཱ་རན་སི་ནང་གི་ཚོགས་ཁང་ཆེ་ཤོས་དེའི་ནང་མི་མང་སྟོང་ཕྲག་མང་པོར་ང་ཚོའི་གོམ་འགྲུལ་གནས་སྐོར་གྱི་གློག་བརྙན་བསྟན་རྒྱུའི་གོ་སྒྲིག་ཧ་ལས་པ་བྱས་འདུག སྒེར་སེམས་མེད་པར་ལས་ཀ་བྱས་ན་དེའི་གྲུབ་འབྲས་མངོན་ཡོང་གི་རེད། ལེགས་ཆ་མངོན་གསལ་དོད་ཤོས་ནི་ཚོགས་མི་དང་དྭང་བླངས་པའི་བར་གྱི་མཛའ་མཐུན་དེ་ཡིན། སྡུག་གཏམ་ཤོད་མཁན་སུ་ཡང་མེད་ཅིང་། ཚང་མས་ཕན་ཚུན་རྒྱབ་སྐྱོར་དང་སྙིང་ཐག་པ་ནས་མཐུན་འགྱུར་བྱས་ཡོད་ཅིང་། སྒེར་དོན་དང་གཞན་གྱི་བསྔགས་བརྗོད་གལ་ཆེར་མ་བརྩིས་པར་བྱམས་བརྩེའི་འཚོ་བའི་གོ་དོན་དང་ལས་འགུལ་གལ་ཆེར་བརྩིས་ཡོད་པས། གོ་སྒྲིག་པ་དང་དྭང་བླངས་པ་ཚོའི་བྱེད་སྟངས་ལ་ང་སྤོབས་པ་ཆེན་པོ་བྱུང་།

སྣེ་འཁྲིད་རྒྱུ་དེ་གལ་ཆེན་པོ་ཡིན། སྣེ་ཁྲིད་ཞེས་པ་ནི་ལམ་མ་ལྷོང་བ་དང་བགེགས་བར་ལ་འཇིགས་སྣང་མེད་པར་མདུན་བསྐྱོད་བྱེད་པ་ཞིག་ལ་གོ་བ་ཡིན། ཁྱེད་ཚོ་མང་ཆེ་བའི་མིང་ལ་ངས་འཇིགས་མེད་ཅེས་བཏགས་ཡོད་ཅིང་། འཇིགས་མེད་ཞེས་པ་ནི་ཞེད་སྣང་པར་ཟེར་བ་ཡིན། འཇིགས་མེད་དངོས་འབྲེལ་དེས་མི་སྲིད་པའི་ལས་མངོན་སུམ་བསྒྲུབ་ནས་ཆོས་དང་། གོམས་གཤིས། རིག་གཞུང་། མི་རིགས་སོགས་ཐ་དག་ལས་བརྒལ་ཏེ་སེམས་ཅན་ཀུན་ལ་ཕན་ཐོགས་ཐུབ་པ་ཡིན། ངས་བྱམས་བརྩེའི་འཚོ་བའི་ལས་འགུལ་ཡར་རྒྱས་གོང་འཕེལ་ཡོང་བའི་རེ་བ་བྱེད་ཀྱི་ཡོད།

ང་ཚོས་ལས་བཟང་པོ་བྱས་པ་དེས་ང་ཚོ་ལས་མཐུན་རྐྱེན་དང་ནུས་པ་ཆེ་བའི་སྐྱེ་བོ་རྣམས་ལ་ལས་ཀ་ང་ཚོ་ལས་ལྷག་པ་དང་རྒྱ་ཆེ་བ་བསྒྲུབ་རྒྱུའི་དམིགས་ལྟོས་ཤིག་ཡོང་བར་ངས་སྙིང་ཐག་པ་ནས་རེ་བ་ཞུ་རྒྱུ་ཡི་ཡོད།།

You are here: མདུན་ངོས། གསར་གནས། ༢༠༡༢ གསར་མཛོད། ངའི་འཛམ་གླིང་། ང་ཚོའི་འཛམ་གླིང་།