༢༠༡༢ གསར་མཛོད།

སྐྱེ་བོ་ངོ་མཚར་ཅན།

༄༅། །ཤྲི་ལངྐའི་གོམ་འགྲུལ་གནས་སྐོར་དེ་འཆར་ལོའི་ཕྱི་ཟླ་ ༣ བར་ཕྱིར་འགྱང་བྱས་པར་བརྟེན་ང་ལ་ལས་ཀ་ཁ་ཅིག་མཇུག་བསྡུ་བྱེད་རྒྱུ་དང་མཚམས་ལ་སྡོད་རྒྱུའི་དུས་ཚོད་ཕྲན་བུ་ཐོབ་བྱུང་། བྱམས་སྙིང་རྗེས་འགྲོ་དོན་བྱེད་པ་དང་མཉམ་དུ་སེམས་རྣལ་ཆེད་མཚམས་བསྙེན་བསྒྲུབ་དང་། ཕྱག་འཚལ་རྒྱུ། སྒོམ་ཉམས་ལེན་བྱེད་རྒྱུ་སོགས་ཀྱི་ཆེད་དུས་ཚོད་ཟུར་འཇོག་བྱེད་རྒྱུ་དེ་གལ་ཆེན་པོ་རེད་སྙམ་གྱིས།

ལོ་ ༡༧ ཙམ་ཞིག་ནས་ངའི་སྒེར་གྱི་སྨན་པས་ང་ལ་ཆུ་རྐྱལ་བ་དང་ལུས་རྩལ་བྱེད་དགོས་པའི་བསླབ་བྱ་བྱས་ནའང་ངའི་འཚོ་བ་སྐྱེལ་སྟངས་ཀྱིས་འདི་འདྲ་བྱེད་རྒྱུའི་གོ་སྐབས་ཐོབ་ཀྱི་མི་འདུག ཉེ་ཆར་ཨེམ་རྗེ་ལགས་ཀྱིས་ང་ལ། ཁྱོད་ཀྱིས་ངའི་བསླབ་བྱ་ཀུན་དང་ལེན་བྱས་ཡོད་ཀྱང་། ཆུ་རྐྱལ་དང་ལུས་རྩལ་བྱས་མེད་པས་ད་ཆ་དཀའ་ངལ་བྱུང་ཚེ་ང་ལ་ཁག་དཀྲི་མ་བྱེད་ཨང་། ཞེས་བརྗོད་བྱུང་བས་ངས་རྐྱལ་རྫིང་ནང་ཞུགས་ཏེ་རྐྱལ་རྒྱག་རྒྱུ་མ་བྱུང་ནའང་རྐང་པ་ཆུའི་ནང་སྦང་རྒྱུའི་གོ་སྐབས་འཚོལ་བཞིན་ཡོད་བཞིན་ཡོད། ང་རྐྱལ་རྒྱག་རྒྱུར་དགའ་གྱི་མེད། ལོ་སྟོང་ཁ་ལོན་པར་ཉའི་སྐྱེ་བ་ལེན་མྱོང་མེད་པ་མིན་འགྲོ། ང་ཁྲུས་གཞོང་ནང་ཞུགས་ནས་གཟུགས་པོ་སྦང་རྒྱུར་དགའ་པོ་མེད། ཆུའི་ནང་ཞུགས་ཏེ་ཏོག་ཙམ་བསྡད་པ་དང་བཟི་ཡོམ་རྒྱབ་ནས་སྡོད་མི་ཐུབ་པར་འཕྲལ་དུ་ཕྱིར་དོན་དགོས་ཤར་གྱིས།

ཕྱི་ཕྱོགས་སུ་གཞན་ཕན་གྱི་ལས་ཅི་ཞིག་བྱས་པ་དེས་རང་རྒྱུད་ཀྱི་གོ་རྟོགས་ལ་རམ་འདེགས་བྱེད་དགོས་པ་ཡིན། ང་ཚོས་འཇིག་རྟེན་དཀའ་ངལ་སེལ་ཐབས་དང་གདོང་ལེན་བྱེད་ཆེད་རང་རྒྱུད་ལ་སྦྱོང་བརྡར་སྤྲོད་དགོས། རྒྱུན་སྲོལ་གྱི་ཉམས་ལེན་སྣ་ཚོགས་ཀྱིས་རང་གི་སེམས་རྒྱུད་ལ་ནང་གི་གོ་རྟོགས་དེ་ཟབ་ཏུ་གཏོང་ཐུབ་པ་དང་། ནང་ངམ་རྒྱུན་སྲོལ་གྱི་ཉམས་ལེན་བརྒྱུད་ཉམས་རྟོགས་འཕེལ་བ་དང་། འདི་ཡིས་གསང་བའི་རྟོགས་པ་ཐར་ཕྱིན་པ་ཡིན་ཅིང་། ་འདི་ལ་ཁ་ཅིག་གིས་སངས་རྒྱས་ཀྱི་གོ་འཕང་ཞེས་ཟེར་བ་ཡིན།

ཉིན་མའི་གུང་ཞིག་ལ་ངའི་བཙུན་མ་རྒན་གྲས་ཤིག་གིས་ང་ལ་༧སྐྱབས་རྗེ་བཟོད་པ་རིན་པོ་ཆེའི་སྐོར་བརྙན་པར་བལྟ་དགོས་བརྗོད་བྱུང་། ཁོ་མོས། གཟིགས་མོ་ཞིག་གཟིགས་འདོད་ཡོད་དམ། དྲྭ་རྒྱའི་ཐོག་དུས་ཡུན་ཆུ་ཚོད་གཉིས་ཙམ་གྱི་བརྙན་པར་བློ་ལ་འཐད་པོ་དང་སེམས་གཡོ་ནུས་པ་ཞིག་འདུག་ཅེས་བརྗོད་བྱུང་། ངས་ཆུ་ཚོད་གཉིས་ཙམ་ཆོས་བཤད་བལྟ་རྒྱུའི་ངང་རྒྱུད་རིང་པོ་ང་ལ་མེད་སྙམ་བཞིན་བལྟས་པ་ཡིན། དེ་ནི་ཕྱག་རྒྱ་ཆེན་པོ་དང་དབུ་མའི་ཆོས་བཤད་མིའི་བསམ་ཚུལ་ལས་འདས་པ་དངོས་གནས་སེམས་གཡོ་ནུས་པ་ཞིག་འདུག ང་རང་ཆོས་སྟོན་མཁན་བླ་མ་ཞིག་ཡིན་པའི་ཆ་ནས་དོན་དམ་པའི་བཀའ་ཆོས་ཇི་ཡིན་ཤེས་ཀྱི་ཡོད། ༧སྐྱབས་རྗེ་བཟོད་པ་རིན་པོ་ཆེའི་གསུང་ཆོས་དྲྭ་བརྙན་དེ་མཐོང་ནས་དངོས་གནས་སེམས་འགུལ་འཐེབ་བྱུང་། བཟོད་པ་རིན་པོ་ཆེ་སྐུ་ཁམས་བདེ་མིན་གྱི་གནས་ཚུལ་ཐོས་བྱུང་བར་ཁོང་སྙུང་གཞི་མྱུར་བར་དྭངས་ནས་ལོ་དུ་མར་འཛམ་གླིང་འདིར་བཀའ་ཆོས་ཀྱི་འཁོར་ལོ་སྐོར་བཞིན་བཞུགས་པར་ངས་སྙིང་ཐག་པ་ནས་སྨོན་ལམ་འདེབས་ཀྱིན་ཡོད། མཁྱེན་པ་དང་ཐབས་མཁས་ཀྱིས་སེམས་ཅན་སྐྱོང་བའི་བླ་མ་མཚན་ལྡན་བཟོད་པ་རིན་པོ་ཆེ་ལྟ་བུ་ང་ཚོར་དགོས་པ་ཡིན།

༧སྐྱབས་རྗེ་བཟོད་པ་རིན་པོ་ཆེའི་དྲ་བརྙན་ཆུ་ཚོད་གཉིས་ཙམ་བལྟས་རྗེས་ངའི་བཙུན་མ་དེས་ད་དུང་ལྟད་མོ་ཞིག་བལྟ་འདུན་ཡོད་མེད་དྲིས་ཤིང་། དེ་ནི་བུད་མེད་དགེ་བའི་བཤེས་གཉེན་ཞིག་གི་སྐོར་ལ་རེད་འདུག ངས་ཐོག་མར་ཁོང་སུ་ཡིན་ཤེས་མ་བྱུང་། ཁོང་མཇལ་བ་དང་གསུང་ཐོས་པ་དེ་སེམས་འགུལ་ཐེབས་པ་ཞིག་བྱུང་བས་འཕྲལ་དུ་ངས་ཁོང་སུ་ཡིན་མིན་རྩད་གཅོད་བྱས་པར་ཁོང་མཁའ་འགྲོ་ཚེ་རིང་མའི་སྐུ་རྟེན་ཡིན་པ་དང་། ངའི་རྩ་བའི་བླ་མ་༧སྐྱབས་རྗེ་འཁྲུལ་ཞིག་རིན་པོ་མཇལ་བཅར་ཕེབས་ཞོར་དུ་ཁོང་འབྲུག་ཨ་མི་ཏ་བྷར་ལན་ཅིག་ཕེབས་མྱོང་ཡོད་པ་ཤེས་བྱུང་། ཁོང་༧གོང་ས་ཆེན་པོའི་ཞལ་སློབ་གཙོ་གྲས་ཤིག་ཡིན་འདུག་པར་དགའ་སྤྲོ་ཆེན་པོ་བྱུང་།

ངས་བཅར་འདྲི་ཞིག་བཀླགས་པས་ཁོང་གི་རྣམ་ཐར་དང་རྒྱབ་ལྗོངས། ཀུན་སློང་བཅས་མདོར་ཙམ་ཤེས་བྱུང་། བུད་མེད་ཆོས་བྱེད་པ་གཅིག་ཡིན་ན་བཙུན་མ་དང་སྐྱ་བོ་སུ་འདྲ་ཞིག་ཡིན་ནའང་ཆ་རྐྱེན་དང་། རྒྱུ་མཚན། དད་པ་ཡང་དག་བཅས་ཀྱི་སྒོ་ནས་ཁོང་ལ་དཔེ་བལྟ་དགོས། གནད་འགག་ཆེ་ཤོས་ཤིག་ནི་ཁོང་ལ་སེམས་ཅན་གྱི་དོན་བྱེད་པའི་བྱང་ཆུབ་ཀྱི་སེམས་ལ་དད་པ་བཅོས་མིན་ཡོད་པ་ཤེས་རྟོགས་བྱུང་། ཁོང་གིས། ངའི་སེམས་པར་མི་ཚེའི་སྙིང་པོ་ནི་བྱང་ཆུབ་ཀྱི་སེམས་དང་སྟོང་པ་ཉིད་རྟོགས་རྒྱུ་དེ་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད། འདི་རྟོགས་རྒྱུ་དཀའ་རུང་། མ་ཤི་གོང་ལ་འདི་གཉིས་ལ་དད་པ་འགྱུར་བ་མེད་པ་ཞིག་རྙེད་ཐབས་བྱེད་དེ་ངའི་དམིགས་ཡུལ་གཙོ་བོ་ཡིན། ངས་མིའི་རྒྱུད་ལ་དོན་འདི་གཉིས་འཕེལ་ཐབས་ཤིག་བྱེད་མ་ཐུབ་ན་ཐུག་འཕྲད་བྱེད་པ་དུས་ཚོད་འཕྲོག་བརླག་རེད། དེ་མིན་ཕྱི་ནང་གསུང་གསུམ་གང་སྤྱིར་ང་སྐྱོ་ཤོས་ཡིན། ངའི་ལེགས་ཆ་ནི་ང་རང་ཆོས་བཟང་ཤོས་དང་། ཉམས་ལེན་བཟང་ཤོས། བླ་མ་བཟང་ཤོས་དང་མཇལ་བ་དེ་ཡིན་ཞེས་གསུངས་འདུག ཆོས་བྱེད་མཁན་ཞིག་ལ་ཀུན་སློང་དང་སྨོན་པ་བཟང་པོ་འདི་འདྲ་ཞིག་དགོས་པ་ཡིན། བུད་མེད་ཆོས་བྱེད་པ་ཀུན་ནས་ཀུན་སློང་རྣམ་དག་འདི་འདྲ་ཞིག་རྒྱུད་ལ་སྐྱེ་ཐུབ་པའི་རེ་བ་ཡོད། དེ་འདྲ་ཞིག་ཡོད་ན་གང་བསྒྲུབ་པའི་དོན་དེ་འགྲུབ་ཀྱི་རེད།

མཁའ་འགྲོ་ལགས་ནི་མི་ལ་རས་པའི་གསང་ཡུམ་ཆོས་སྐྱོང་ཚེ་རིང་མའི་སྐུ་རྟེན་རེད། ༧གོང་ས་ཆེན་པོ་མཆོག་ནས་ཁོང་ཚེ་རིང་མའི་སྐུ་རྟེན་འཁྲུལ་མེད་ཡིན་པར་ཡིད་ཆེས་གནང་ཞིང་། ཁོང་སྐབས་སྐབས་ལ་སྐུ་ཕེབས་ཏེ་༧གོང་ས་མཆོག་མཇལ་གྱི་ཡོད་པ་རེད། བུད་མེད་ཞིག་གི་ཆ་ནས་ཁོང་གི་མཛད་པར་ང་དགའ་མོས་ཆེན་པོ་བྱུང་། ༧གོང་ས་ཆེན་པོ་མཆོག་ནས་ངོས་འཛིན་དང་རྒྱབ་སྐྱོར་གནང་དོན་བཞིན་མཛད་སྤྱོད་བཟང་པོ་གནང་གིན་འདུག ཚོགས་པ་མང་པོ་ཞིག་གི་སར་ཁོང་༧སྐྱབས་རྗེ་བཟོད་པ་རིན་པོ་ཆེའི་འཁྲིས་སུ་དགེ་འདུན་པ་གཞན་ལས་བཞུགས་ཁྲི་མཐོ་ཙམ་ཞིག་ཐོག་བཞུགས་ཏེ་ཆོ་ག་ཕྱག་ལེན་གནང་གི་འདུག་ལ། གང་གནང་བ་དེ་བློ་སྤོབས་ཆེན་པོས་གནང་གི་གནང་འདུག་པ་དེ་ནི་ཕོ་མོ་འདྲ་མཉམ་སྤེལ་རྒྱུར་བྱས་རྗེས་ཆེན་པོ་ཡིན།

བུད་མེད་ཕལ་པ་ཞིག་ཡིན་ནའང་ཆོས་ཉམས་ལེན་མཐིལ་ཕྱིན་པ་ཞིག་སྦ་གསང་མི་དགོས་པར་བྱེད་ཐུབ་ཀྱི་རེད་སྙམ་པ་ང་ལ་ཡིད་ཆེས་གཙང་མ་ཡོད། ཕོ་མོའི་ཐོབ་ཐང་མ་རྩོད་པར་ཉམས་ལེན་གཤའ་མ་བྱེད་རྒྱུ་དེ་གནད་འགག་ཆེན་པོ་རེད། བུད་མེད་ཀྱི་ཐོབ་ཐང་རྩོད་ཟེར་བ་དེར་ང་ཡིད་ཆེས་མེད། གཅིག་བྱས་ན་འདི་ང་རང་ཕོ་སོང་བའི་རྐྱེན་གྱིས་ཡིན་འགྲོ། འོན་ཀྱང་བུད་མེད་ཆོས་བྱེད་པ་ཆོས་བརྒྱུད་ས་དགེ་བཀའ་རྙིང་ངམ། ཆོས་ལུགས་མི་འདྲ་བ་གང་ཞིག་ཡིན་ནའང་ཆོས་ཉམས་ལེན་ཡང་དག་པ་བྱེད་རྒྱུར་ངས་རྒྱབ་སྐྱོར་གཙང་མ་ཡོད། དཔེར་ན། དཔལ་ལྡན་འབྲུག་པའི་ཆོས་བརྒྱུད་འཛིན་མཁན་ཞིག་ཡིན་ན། རྡོ་རྗེ་རྣལ་འབྱོར་མ་དང་། སྒོམ་གྱི་རྩལ། ནཱ་རོ་ཆོས་དྲུག་སོགས་ཡང་དག་པའི་སྒོ་ནས་ཉམས་ལེན་བྱེད་དགོས། ཆོས་བརྒྱུད་སོ་སོར་ཕྱག་བཞེད་དང་ཁྲིད་ཁ་སོགས་ཁྱད་འཕགས་མི་འདྲ་བ་ཡོད།

ངས་ཉམས་ལེན་ཟེར་དུས་དགེ་འདུན་ཕོ་མོ་ཁོ་ནར་ཟེར་གྱི་ཡོད་འགྲོ་བསམ་སྲིད་ཀྱང་དེ་ལྟར་མིན། ངས་རྣམ་ཀུན་ནས་སྐྱ་བོ་སྐྱ་མོ་ཀུན་གྱི་རྒྱུད་ལ་ངེས་ཤེས་སམ་རྟོགས་པ་བསྐྱེད་ཕྱིར་ཆོས་བྱེད་དགོས་པའི་བཀུལ་མ་བྱེད་ཀྱི་ཡོད། དེ་ལྟར་བྱུང་ན་ཁོང་ཚོས་སྤྱི་ཚོགས་ནང་གྲྭ་བཙུན་ལས་ལྷག་པའི་ཕན་པ་འགྲུབ་པ་ཡིན། དེས་ན་ནང་པ་ཞིག་ཡིན་ན་སྐྱ་བོ་རྣམས་ནས་ནང་ཆོས་ཉམས་ལེན་དང་བྱང་སེམས་འབྱོང་ཐབས་ཀྱི་བྱེད་སྒོ་མང་ཙམ་སྤེལ་དགོས་པ་ཡིན། ༧གོང་ས་ཆེན་པོ་མཆོག་ནས་སྐྱ་བོ་རྣམས་ཀྱི་དགེ་འདུན་ཕོ་མོ་དང་མཉམ་དུ་ཆོས་ཉམས་ལེན་བྱེད་དགོས་པའི་བཀའ་སློབ་ཡང་ཡང་ཕེབས་ཡོད་སྟབས་ང་ཚོས་བཀའ་བཞིན་བསྒྲུབ་དགོས།

འཛམ་གླིང་འདིའི་ནང་མཁའ་འགྲོ་མར་ངོས་འཛིན་འདོད་པའི་བུ་མོ་མང་པོ་ཞིག་ཡོད་རེད། རང་རྒྱུད་ལ་ཡོནྟ་དང་བྱང་སེམས་ཀྱི་ཀུན་སློང་མེད་ན་མཁའ་འགྲོ་མར་འབོད་ནའང་ཕན་ཐོག་ཅི་ཡོད། མིན་པ་ཞིག་ཡིན་མདོག་བྱས་ནས་ཆོ་ཡོད་མ་རེད། ཆོས་ཀྱི་ལམ་དུ་དྲང་པོ་བྱེད་རྒྱུ་གལ་ཆེན་པོ་རེད། གང་ཡིན་ཟེར་ན་དེ་རང་གི་ལམ་དང་རང་གི་བློ་མུན་སེལ་ཐབས་དང་འབྲེལ་བ་ཞིག་རེད། མིན་པ་ཡིན་མདོག་བྱས་ན་གང་དུའང་བསླེབ་ཀྱི་མ་རེད། ཉམས་ལེན་པ་དྲང་ཚུགས་ལྡན་པ་ཞིག་བྱས་ན་ཡོན་ཏན་འཕེལ་བཞིན་བཅོས་མ་མ་ཡིན་པའི་རང་བཞིན་གྱི་མདངས་ཤིག་ཕྱུང་བ་ཡིན།

དགེ་འདུན་ཕོ་རྣམས་ལའང་ངས་དེ་ལྟར་བརྗོད་རྒྱུ་ཡིན། རང་རྒྱུད་ལ་ཡོནྟ་མེད་ན་བླ་མ་དང་སྤྲུལ་སྐུ་ཡིན་མདོག་ཟོག་རྫུ་ས་བྱེད་མི་རུང་། འདིས་རང་ལ་མི་ཕན་ལ་གཞན་ལའང་ཕན་གྱི་མ་རེད། རང་གི་མི་ཚེ་ཆུས་ཟོད་གཏོང་བ་ཡིན་པས། དེ་ལ་སྙིང་པོ་གང་ཡང་མེད།

You are here: མདུན་ངོས། གསར་གནས། ༢༠༡༢ གསར་མཛོད། སྐྱེ་བོ་ངོ་མཚར་ཅན།