༢༠༡༢ གསར་མཛོད།

འཇིགས་མི་དགོས

༄༅། །མི་ཚང་མ་པྱི་ཟླ་ ༡༢ ཀྱི་ཚེས་ ༡༢ དང་ ༢༡ གི་སྐོར་གཏམ་གླེང་བྱེད་ཀྱི་འདུག ང་ལ་ཕྱི་ཟླ་ ༡༢ ཀྱི་ཚེས་ ༡༢ སམ་ཚེས་ ༢༡ ཉིན་འཛམ་གླིང་མ་འཇིག་གོང་གྲ་སྒརིག་ག་རེ་བྱེད་དགོས་འདྲི་བའི་ཁ་པར་དང་གློག་འཕྲིན་མང་པོ་འབྱོར་བྱུང་། ཐོག་མར་ང་མགོ་ཐོམ་བྱུང་། གང་ཡིན་ཟེར་ན་ཚེས་གྲངས་འདི་གཉིས་གང་རུང་ལ་འཛམ་གླིང་འཇིག་གི་ཡོད་པའི་ལུང་བསྟན་སྐོར་གོ་བ་དང་པོ་ཡིན།

འཛམ་གླིང་འཇིག་གི་རེད་ཟེར་དུས་འཁོར་བ་སྟོང་གི་རེད་ཟེར་གྱི་ཡོད་ཀྱི་མ་རེད། འཁོར་བ་ནམ་ཡང་སྟོང་གི་རེད་བསམ་གྱི་མི་འདུག འཁོར་བ་སྟོང་བའི་ཉིན་དེར་ང་ཚོས་དགའ་སྟོན་བྱེད་དགོས། འཛམ་གླིང་རྩ་གཏོར་འགྲོ་བར་ང་ཚོའི་སྤྱི་མཐུན་གྱི་ལས་ངན་དེ་དུས་མཉམ་དུ་སྨིན་དགོས་པ་ཡིན།

ངའི་ཡབ་ཀྱི་དགོན་པའི་མི་མང་པོ་ཞིག་གིས་དོ་དགོང་མཚན་མོའི་ཚུ་ཚོད་ ༡༢ ཐོག་འཛམ་གླིང་འཇིག་རེད་ཞུས་འདུག་སྟབས་ཀུ་རེའི་ཚུལ་དུ་ངའི་ཡབ་ཡུམ་ལྟོས་བཅས་གཟིམ་ཆུང་གི་ཕྱིར་དབུ་གུར་ཕུབ་ནས་གླིང་ཀ་གཏོང་བཞིན་བཞུགས་འདུག ༡༢་༡༢་༡༢་༡༢ ཀྱི་དུས་ཚིགས་འདི་ཡུལ་གྲུ་གང་ཞིག་ནས་བརྩི་ཡི་ཡོད་ཤོད་རྒྱུ་མི་འདུག མི་ཚོས་ཁང་པ་ཚང་མ་ཞིག་ནས་འཛམ་གླིང་འཇིག་རྒྱུ་ཡིན་པས་ཕྱི་ལ་བཞུགས་ན་བཙན་ལུགས་ཞུས་འདུག ངའི་ཡབ་ཀྱིས་མི་ཚོས་ལུང་བསྟན་འདི་འདྲ་ཞིག་ལ་ཡིད་ཆེས་བྱས་པར་ཡ་མཚན་པོ་གནང་འདུག གང་ལྟར་ཡང་ཁོང་རྣམས་མ་གཟིམ་གོང་ཞལ་ལག་སྤྲོ་པོ་གནང་ནས་བཞུགས་འདུག

ང་ད་ལྟ་ཁང་པ་ཐོགས་བརྩེགས་ ༣༢ སྟེང་ཞིག་ལ་བསླེབས་ཡོད་པས་ཁང་པ་ཞིག་ན་བྲོས་ས་མེད་པས། སང་ཞོག་ས་རོ་རྡོ་རོའི་སྟེང་འགྲོ་རྒྱུ་ཡོང་བའི་སྨོན་ལམ་དྲག་པོ་འདེབས་དགོས་པ་ཡིན་འགྲོ།

འཛམ་གླིང་འཇིག་དང་མ་འཇིག་ང་རང་ཚོར་རག་ལུས་པ་ཡིན། གལ་ཏེ་ང་ཚོའི་སེམས་ལ་མི་དགེ་བ་དང་ཀུན་སློང་ངན་པའི་ལྷད་ཞུགས་ན་ང་ཚོའི་ངག་དང་སྤྱོད་པའང་མི་དགེ་བའི་དབང་དུ་འགྲོ་བ་ཡིན། ང་ཚོའི་སེམས་མི་དགེ་བས་ཁེངས་ཏེ་བྱང་སེམས་དང་། གོ་རྟོགས། བརྩེ་བ། དྲན་ཤེས་བཅས་དྲན་ཡུལ་དུ་མེད་པར་འགྱུར་ན་ངས་འཛམ་གླིང་འཇིག་པར་ཆ་འཇོག་བྱེད་ཀྱི་ཡིན།

གང་ལྟར་ཡང་འཛམ་གླིང་འཇིག་ལ་ཉེ་བའི་འཇིགས་སྣང་བྱེད་མི་དགོས འཛམ་གླིང་འཇིག་ཉེ་བའི་སྡུག་བསྔལ་བྱེད་པ་ལས་མི་ཚེ་ད་ལྟ་བ་དེ་སྐྱིད་པོ་བྱས་ནས་བསྡད་ན་ཡག་གི་རེད། འོན་ཀྱང་གཏན་དུ་སྡོད་ཀྱི་རེད་བསམ་ནས་འཇིག་རྟེན་གྱི་འདུ་འཛི་ཁོ་ནར་མགོ་མ་འཁོར་བ་བྱེད་དགོས། བདེ་སྐྱིད་མཉམ་དུ་སྤྱད་ན་རང་ཉིད་སྐྱིད་པོ་ཡོང་བ་ཡིན་པས་ང་ཚོས་ཕན་ཚུན་དགེ་སྐུལ་བྱས་ཏེ་ལུས་ངག་ཡིད་གསུམ་དྲན་ཤེས་ལྡན་པ་བྱེད་དགོས།

དེ་རིང་མཚན་མོའམ་ཕྱི་ཚེས་ ༢༡ གི་དགོང་མོ་འཛམ་གླིང་འཇིག་རྒྱུ་ཡིན་པར་ཡིད་ཆེས་བྱེད་མཁན་ངའི་གྲོགས་པོ་ཚོས་གུ་རུའི་གཟུངས་སྔགས་བགྲང་གསོག་བྱེད་དགོས། ང་ཚོས་མི་ཚེ་འདི་ཆོས་ཕྱོགས་ནས་ཡར་རྒྱས་ཡོང་ཐབས་བྱེད་དགོས་སྟབས་འཛམ་གླིང་འཇིག་པའི་ཞེད་སྣང་འདི་ཡང་རྐྱེན་མཚམས་སུ་ཆོས་བྱེད་རྒྱུར་བསྐུལ་མ་ཡག་པོ་ཞིག་རེད་སྙམ།

མི་མང་ཆེ་བས་དགེ་མཚན་མེད་པའི་ལུང་བསྟན་རིགས་ལ་ཡིད་ཆེས་བྱེད་པ་འདི་ཡ་མཚན་པོ་རེད། ང་ཚོས་སངས་རྒྱས་དང་། དཔའ་བོ་དང་། མཁའ་འགྲོ་རྣམས་ང་ཚོའི་མཉམ་དུ་ཡོད་པར་ཡིད་ཆེས་གཏན་པོ་དགོས་པ་ཡིན་ནའང་དེ་ལྟར་མ་བྱས་པར་དགེ་མཚན་མེད་རིགས་ལ་ཡིད་ཆེས་བྱེད་པ་རེད། ད་ལྟའི་འཛམ་གླིང་འཇིག་ཉེ་བའི་ལུང་བསྟན་འདི་ལྟ་བུ་དགེ་མཚན་མེད་པའི་ལུང་བསྟན་ཁྱད་མཚར་དེ་འདྲ་མང་པོ་གོ་རྒྱུ་ཡོད་པ་འདི་ཤོད་མ་ཤེས་པ་ཞིག་རེད། འདི་འདྲ་ལུང་བསྟན་ལ་ཡིད་ཆེས་བྱེད་པ་འདི་ཡང་ལས་ངན་པ་རེད་བསམ་གྱིས།

དཔེར་ན། ང་ཚོས་འཇིགས་སྐྲག་ཅན་གྱི་གློག་བརྙན་ཞིག་བལྟས་རྗེས་གདོན་དང་འདྲེ་ལ་ཞེད་སྣང་གིས་ཆུ་ཚོད་ཁ་ཤས་བཞུ་མར་གསོད་མ་ཕོད་པ་ཡོང་གི་རེད། ཡང་ང་ཚོར་བླ་མ་རྡོ་རྗེ་འཆང་ཡིན་པས་ང་ཚོ་སྐྱོབ་པ་དང་མཁའ་འགྲོ་མས་ང་ཚོར་གྲོགས་བྱེད་ཀྱི་རེད་ཅེས་བཤད་ན་དེར་སྣང་མེད་དང་ཡིད་ཆེས་མི་བྱེད་པས། ང་ཚོ་ལས་ངན་པའི་དབང་དུ་ཇི་ཙམ་ཚུད་ཡོད་ཤེས་ཐུབ།

ལས་རྒྱུ་འབྲས་ལ་ཡིད་ཆེས་མི་བྱེད་ནའང། བཟང་ཕྱོགས་ལ་ཡིད་ཆེས་མི་བྱེད་པར་ངན་ཕྱོགས་ལ་ཡིད་ཆེས་ཆེ་བ་བྱེད་པ་ལ་བལྟས་ན་སྐྱོན་གཅིག་ཡོད་པའི་རྟགས་རེད། སྤྱིར་ང་ཚོ་མང་པོའི་སེམས་ནང་ཞེད་སྣང་ཆེན་པོ་ཡོད་པ་དང་། ཚུལ་དང་མཐུན་པ་བྱས་ན་ཞེད་སྣང་དེ་འདྲའི་སྐབས་ལ་བླ་མ་སངས་རྒྱས་དང་དཀོན་མཆོག་གིས་ང་ཚོ་བསྐྱབ་ཀྱི་རེད་བསམ་པའི་ཡིད་ཆེས་དགོས་པ་རེད། ངན་ཕྱོགས་ལ་ཡིད་ཆེས་མང་བ་བྱེད་མཁན་དེ་ཆོས་ཀྱི་ལམ་ཐོག་འགྲུལ་བཞུད་རིང་པོ་བྱེད་རྒྱུ་ལུས་ཡོད་པའི་རྟགས་ཡིན་ཅིང་། རང་ཉིད་རང་གི་སྐྱབས་ཡིན་པ་ཤེས་དགོས། གདོན་འདྲེ་ཡོད་པ་དང་རྣམ་ཤེས་བཟང་པོ་མེད་པར་ཡིད་ཆེས་བྱེད་པའི་ལྟ་བ་དེ་བཙོ་སྦྱོང་བྱེད་དགོས་པ་ཡིན། གང་ཡིན་ཟེར་ན་མི་མཐུན་པའི་བློ་འདིས་ཞེད་སྣང་དང་དཀའ་རྙོགས་མང་པོ་བཟོ་བ་ཡིན།

ང་ཚོས་རྒྱུན་དུ་དགེ་བའི་བློ་དང་། དད་པའི་ཡུལ་སངས་རྒྱས། ཆོས། དགེ་འདུན། བླ་མ། དཔའ་བོ། དཔའ་མོ་སོགས་ཀྱི་སྐོར་ལ་སྐད་ཆ་མང་པོ་ཤོད་ཀྱི་ཡོད་ཀྱང་ནུས་པ་ཐོན་པ་ཞིག་ཡོང་གི་མེད། ང་ཚོར་ཡིད་ཆེས་ཡོད་མ་རེད། འོན་ཀྱང་གློག་བརྙན་འཇིགས་སྐྲག་ཅན་ཞིག་བལྟས་ན་གདོན་འདྲེ་དང་རྣམ་ཤེས་ངན་པ་སོགས་ལ་ཡིད་ཆེས་བྱེད་པ་འདི་རྟོགས་མི་ཐུབ་པ་ཞིག་རེད། འཛམ་གླིང་འཇིག་ཉེར་ཡོད་པ་ཡིད་ཆེས་བྱེད་པ་ལས་དགེ་མཚན་ལྡན་པའི་ཁོར་ཡུག་དང་འཚོ་བ་སྐྱེལ་རྒྱུར་ཡིད་ཆེས་བྱེད་དགོས། འདི་ནི་མི་མཐུན་པའི་ནུས་ཤུགས་ལ་གདོང་ལེན་བྱེད་པའི་ཐབས་བཟང་ཤོས་དེ་ཡིན། མི་མང་པོ་ཞིག་གིས་དེ་རིང་དང་ཕྱི་ཚེས་ ༢༡ སྐོར་ལ་གཏམ་གླེང་མང་པོ་བྱེད་དོན་ངས་ད་དུང་ཤེས་མ་སོང་། ཚང་མར་དགོང་དྲོ་བདེ་ལེགས་ཞུ།