༢༠༡༢ གསར་མཛོད།

སྙིང་རྗེ་ནི་རྒྱལ་པོ་རེད

༄༅། །མི་མང་པོ་ཞིག་གིས་ང་ལ་ཞེད་སྣང་། དམིགས་བསལ་གྱི་འདྲེ་དང་གདོན་གྱི་ཞེད་སྣང་ལ་གདོང་ལེན་ག་འདྲ་བྱེད་དགོས་འདྲི་ཡི་འདུག དྲི་བ་འདི་ནི་དམིགས་བསལ་ཅན་ཞིག་གང་ཡང་མ་རེད། གང་ཡིན་ཟེར་ན་ཞེད་སྣང་ནི་ང་ཚོས་རྒྱུན་དུ་གདོང་ལེན་བྱེད་དགོས་པའི་གནད་དོན་ཞིག་རེད། རེ་བ་ནི་ཞེད་སྣང་གི་གཏན་གྱི་རོགས་ཟླ་ཡིན། རེ་བ་དང་ཞེད་སྣང་གཉིས་མཉམ་དུ་ཡོང་བ་ཡིན། རེ་བ་ནི་ཞི་བའི་རྣམ་ཤེས་དང་ཞེད་སྣང་ནི་དྲག་པོའི་རྣམ་ཤེས་རེད་ཅེས་བརྗོད་ནའང་ཆོག

ང་ཚོ་མང་ཆེ་བས་གདོན་འདྲེ་ནི་རེ་བ་དང་ཞེད་སྣང་ལས་ཐ་དད་ཡིན་པར་སེམས་ཀྱི་ཡོད། ཕྱོགས་གཞན་ཞིག་ནས་དེ་ཚོ་དངོས་གནས་རེད། ང་ཚོར་གནོད་པའི་རྣམ་ཤེས་དེ་ཚོ་གློག་བརྙན་ནང་བསྟན་པ་བཞིན་དངོས་གནས་ལྟ་བུ་མངོན་པ་ཡིན། འདི་དང་འབྲེལ་བས་མི་ཞིག་གིས་ང་ཚོའི་ཆོས་ནང་གདོན་འདྲེ་ཕྱིར་བཏོན་ཐབས་ཡོད་མེད་དྲིས་བྱུང་། ཐོག་མར་ག་རེ་ཟེར་གྱི་ཡོད་ཤེས་མ་བྱུང་། དེ་ནི་མི་ཞིག་གི་ཁོག་པར་ཞུགས་པའི་རྣམ་ཤེས་ངན་པའམ་གནོད་འཚེ་ཅན་དེ་ཕྱིར་འདོན་ཐབས་ལ་ཟེར་གྱི་ཡོད་པ་རྗེས་སུ་ཤེས་བྱུང་། རྣམ་ཤེས་ངན་པ་མིའི་ཁོག་ཏུ་ཞུགས་པའི་གློག་བརྙན་དང་སྒྲུང་མང་པོ་ཡོད།

རྣམ་ཤེས་མིའི་ཁོག་པར་ཞུགས་པ་མང་པོ་ཡོད་རེད། ང་ཚོའི་དགོན་པ་ཁག་གི་ནང་ལའང་དེ་འདྲ་མཐོང་རྒྱུ་ཡོད། དེ་ཚོ་ཚང་མ་གནོད་འཚེ་ཅན་ཡིན་པའི་ཁྱབ་པ་མེད། དེ་ཚོའི་གྲས་ལ་གྲོགས་པོ་དང་ངོ་ཤེས་པའི་རིགས་ཡོད། དེ་ཚོ་ཅ་དངོས་ལ་སེམས་ཆགས་པ་དང་། ང་ཚོས་དོ་སྣང་ཡོང་ཆེད་ཤུལ་དུ་ལུས་པ་ཡིན།

སྙིང་རྗེ་ཁོ་ནས་གདོན་འདྲེ་བཏུལ་ཐུབ་པ་ཡིན། ངས་ངའི་ཡང་མེས་སམ་ཨ་མའི་རྨོ་རྨོ་ཡི་སྒྲུང་ཞིག་ཤོད་རྒྱུར། ངའི་ཨ་མས་ཆོས་མང་ཆེ་བ་རང་གི་རྨོ་རྨོ་སྐལ་བཟང་དབང་མོའི་མདུན་ནས་ཞུས་ཤིང་། ཁོང་ནི་རྗེ་བཙུན་མི་ལ་རས་པས་མར་པའི་བཀའ་བཞིན་སྲས་མཁར་དགུ་ཐོག་བཞེངས་ཡུལ་ལྷོ་བྲག་ཏུ་བཞུགས་ཀྱི་ཡོད་རེད། ཁོང་རྫོགས་པ་ཆེན་པོ་ཉམས་ལེན་གནང་སྟེ་འཇའ་ལུས་ཐོབ་པ་ཞིག་ཡིན། ཁྱེད་ཚོས་ཁོང་རྣལ་འབྱོར་པ་ཆེན་པོ་ཞིག་གམ་བླ་མ་ཆེན་པོ་ཞིག་ཡིན་འགྲོ་བསམ་གྱི་ཡོད་འགྲོ། དེ་འདྲ་མིན། ཁོང་ནི་རང་གི་ཁྱིམ་ཚང་བདེ་མོར་འཇོག་ཆེད་དཀའ་ལས་བརྒྱབ་མཁན་ནང་གི་ཨ་མ་དཀྱུས་མ་ཞིག་ཡིན་ཞིང་། འོད་དཔག་མེད་ཀྱི་གཟུངས་སྔགས་དུང་ཕྱུར་མང་པོ་བསོགས་མྱོང་བ་དང་རང་བཞིན་བཟང་པོ་ཞིག་ཡོད་པ་རེད།

མཁན་པོ་ཞིག་ཡོད་པ་དེ་གྲོངས་རྗེས་ཨ་མའི་ཆོས་གྲོགས་ཤིག་ལ་ཞུགས་ཤིང་སྟོབས་ཤུགས་ཆེན་པོ་ཡོད་པ་རེད། ཁོང་ནམ་ཞུགས་ནའང་བཙུན་མ་དེའི་གདོང་གཞི་གྱུར་བ་དང་ཁོང་གི་སྐད་ཐོག་ནས་སྐད་ཆ་ཤོད་པ་དང་བཙན་ཐབས་ཆེ་བས་མི་ཀུན་འཇིགས་ཀྱི་ཡོད་པ་དང་། ཁོང་ལ་ཞལ་ལག་བཟོས་པ་དང་བཞུགས་ཁྲི་བརྒྱབ་ཀྱི་ཡོད་པ་རེད། སྐབས་རེ་ཁོང་བཙུན་མ་དེར་ཞུགས་ནས་བཀའ་ཆོས་གནང་གི་ཡོད་རེད། ཁོང་འཚོ་བཞུགས་སྐབས་ངའི་ཨ་མས་ཁོང་གི་མདུན་ནས་ཆོས་ཞུ་མྱོང་ཡོད་སྟབས་ཨ་མར་དེ་ཙམ་གྱིས་སྡང་སྣང་བྱེད་ཀྱི་མེད་པ་ལས་གཞན་ཚང་མ་ཞེད་སྣང་ཆེན་པོ་བྱེད་ཀྱི་ཡོད་འདུག

ཕྱོགས་ནས་བླ་ཆེན་མང་པོ་ཕེབས་ནས་མཁན་པོའི་གདོན་འདྲེ་བཏུལ་ཐབས་གཏོར་བཅོས་བྱས་ཀྱང་ཕན་ཐོག་མ་བྱུང་བའི་ཁར་འདྲེ་དེ་ཞེ་སྡང་ཆེ་རུ་འགྲོ་བ་དང་ལན་ཅིག་རིན་པོ་ཆེ་ཞིག་གི་ཞལ་རས་ལ་ཐུ་ལུད་བཏབ་ཡོད་ཚོད་འདུག རྨོ་རྨོ་ལགས་ཀྱིས་དེ་སྔ་མཁན་པོ་དེའི་སྐུ་མདུན་ནས་བཀའ་ཆོས་ཟབ་མོ་དེ་འདྲ་ཞུ་མྱོང་འདུག སུས་ཀྱང་ཕན་ཐོག་མ་བྱུང་སྟབས་རིན་པོ་ཆེ་ཞིག་གིས་ངའི་ཨ་མར་རྨོ་རྨོ་ལ་མཁན་པོའི་གདོན་འདྲེ་དེ་དང་སྐད་ཆ་ཤོད་འཇུག་དགོས་པའི་བསླབ་བྱ་བྱས་དོན་བཞིན་རྨོ་རྨོ་ལགས་ཀྱིས་སྐད་ཆ་བྱམས་པོ་བཤད་དེ་མཁན་ཆེན་ཁྱེད་ལྟ་བུས་མི་གཞན་ལ་གནོད་འཚེ་དང་འཇིགས་སྐུལ་དེ་འདྲ་བྱེད་མི་འོས་པས་བཙུན་མ་དེའི་ལུས་ལས་དོན་དགོས་པ་སོགས་བརྗོད་རྗེས་རྣམ་ཤེས་དེ་ཐོན་ནས་ཕྱིན་འདུག རྨོ་རྨོ་ལགས་ཀྱིས་སྙིང་རྗེ་དང་བརྩེ་བ་ཆེན་པོའི་སྒོ་ནས་སྐད་ཆ་བཤད་པ་ལས་ཞབས་རིམ་དང་ཆོ་ག་འཁྲུག་པོ་དེ་འདྲ་གང་ཡང་བྱས་མེད་ཅིང་། ཞེད་སྣང་མ་བྱས་པ་རེད། རྣམ་ཤེས་ཀྱིས་ཚང་མ་ཤེས་ཀྱི་ཡོད་རེད། མཁན་པོ་དེས་ཀྱང་རྨོ་རྨོ་ལགས་ཀྱིས་ང་རྒྱལ་གྱི་ཀུན་སློང་མེད་པར་སྙིང་རྗེ་ཆེན་པོ་སྒོ་ནས་སྐད་ཆ་བཤད་པ་དེ་ཤེས་ཏེ་ཐོན་ཕྱིན་པ་རེད།

ང་ཚོས་སྙིང་རྗེ་ཡང་དག་ཞིག་འབྱོང་ཐུབ་ན་གང་གིས་ཀྱང་གནོད་པ་བྱེད་ཐུབ་ཀྱི་མ་རེད། ང་ཚོའི་འཛམ་གླིང་ནང་གི་འཇིགས་དཀྲགས་སེལ་བའི་ཐབས་བཟང་ཤོས་ནི་སྙིང་རྗེ་ཡང་དག བརྩེ་བ་ཡང་དག བྱང་ཆུབ་ཀྱི་སེམས་ཡང་དག་བཅས་ཡིན། སྙིང་རྗེ་ཡང་དག་གིས་རང་ཉིད་འཇིགས་པ་མེད་པ་བཟོ་བ་ཡིན། གང་ཡིན་ཟེར་ན། རང་རྒྱུད་ལ་བདག་འཛིན་གྱི་བློ་དེ་མེད་པ་རེད། བདག་འཛིན་གྱི་བློ་དང་སྒེར་སེམས་ཀྱི་ཀུན་སློང་མེད་ན་སྙིང་རྗེ་ཡང་དག་དེ་རང་གི་སྲུང་བ་དང་གོ་ཆར་འགྱུར་བ་ཡིན།

ངས་སྒྲུང་འདི་ཚང་མར་ཤོད་འདོད་བྱུང་། གང་ཡིན་ཟེར་ན། ང་ཚོ་ཚང་མར་སྙིང་རྗེ་ཡང་དག་རང་རྒྱུད་ལ་འབྱོང་བའི་ནུས་པ་ཡོད་པ་ཡིན། ངས་སྔོན་དུ་བཤད་པ་བཞིན་ང་ཚོས་ངན་པའི་འཆར་སྣང་ལ་ཡིད་ཆེས་ཆེ་བ་བྱེད་པ་ལས་བཟང་ཆར་བློ་གཏད་དེ་ཙམ་བྱེད་ཀྱི་མེད། རང་གི་མི་ཚེར་བཟང་ཆའི་འགྱུར་བ་ཡོང་ཆེད་བདེ་སྐྱིད་དང་ཞི་བདེ་སོགས་ལེགས་ཆ་ཀུན་ལ་ཡིད་ཆེས་བྱེད་འགོ་བཙུགས་དགོས། བྱེད་འདོད་ན་ཞེད་སྣང་མེད་པ་བྱེད་ཐུབ་ཀྱི་རེད། ཡིད་ཆེས་འདི་འདྲ་ཞིག་གི་སྒོ་ནས་ང་ཚོས་ཀྱང་ངའི་ཡང་མེས་ལྟ་བུ་འཇའ་ལུས་བསྒྲུབ་ཐུབ་ཀྱི་རེད།

མཐའ་བསྡོམས་སུ་ངས་ལ་དྭགས་ཀྱི་གྲོགས་པོ་དང་བུ་སློབ་ཀུན་ལ་ལོ་གསར་གྱི་འཚམས་འདྲི་ཞུའོ།

You are here: མདུན་ངོས། གསར་གནས། ༢༠༡༢ གསར་མཛོད། སྙིང་རྗེ་ནི་རྒྱལ་པོ་རེད