༢༠༡༢ གསར་མཛོད།

སྤྱི་ཚོགས་ཀྱི་དྲག་ཆར།

༄༅། །ཕྱི་ཟླ་ ༡༢ ཚེས་ ༡༤ ཉིན་ཨ་རི་དང་རྒྱ་ནག་ནང་བྱུང་བའི་དོན་རྐྱེན་དེས་འཛམ་གླིང་ཡུལ་གྲུ་ཁག་གི་ཕ་མར་ཚོར་དངངས་འཚབ་ཆེན་པོ་བྱུང་ཡོད་ཤག ཐོག་མར་ང་ལ་སློབ་ཆུང་ནང་མེ་མདའ་ཕོགས་ཏེ་རྐྱེན་འདས་སུ་ཕྱིན་པའི་ཕྲུ་གུ་ཉི་ཤུ་དང་དར་མ་བརྒྱད་ཀྱི་ཆེད་བསྔོ་སྨོན་བྱེད་དགོས་སྐུལ་མ་བྱུང་ཞིང་། དེ་རྗེས་རྒྱ་ནག་ནང་མི་སེམས་འཚོ་མ་ཟིན་པ་ཞིག་གིས་སློབ་གྲྭ་ཞིག་གི་ནང་སློབ་ཕྲུག་བཙབ་གཏུབ་བྱས་རྐྱེན་ཕྲུ་གུ་ཉི་ཤུ་རྩ་གཉིས་འཆི་འདས་བྱུང་བ་དེ་ཚོའི་ཆེད་བསྔོ་སྨོན་བྱེད་དགོས་རེ་བསྐུལ་བྱུང་། རྐྱེན་འདས་ཕྱིན་པའི་ཕྲུ་གུ་དེ་དག་ལོ་ ༥ ནས་ ༡༠ བར་ཡིན་སྟབས་ཉིན་ཤས་རིང་བརྙན་འཕྲིན་རྒྱུད་ལམ་ཚང་མའི་ནང་ཨ་རིའི་ནང་བྱུང་བའི་དོན་རྐྱེན་དེའི་སྐོར་གླེང་སློང་བྱས་ཡོད་པ་རེད།

ཨ་རི་དང་རྒྱ་ནག་ནང་བྱུང་བའི་དོན་རྐྱེན་འོག་འཆི་རྨས་བྱུང་བའི་ཕྲུ་གུ་དང་དགེ་རྒན་ཉེས་མེད་དེ་དག་ལ་སྙིང་རྗེ་བྱུང་། གསོ་སྐྱོང་བཟང་པོས་ཕྲུ་གུ་དེ་དག་ཚར་ལོང་ཐུབ་ཡོད་ན་མི་ཚེ་བཟང་པོ་བསྐྱལ་ཏེ་སྤྱི་ཚོགས་ལ་ཕན་པ་དང་སེམས་ཅན་མང་པོ་ཞིག་ལ་ཞབས་འདེགས་ཞུ་ནུས་པ་ཡིན། སྲོག་ཤོར་བ་ཙམ་མ་ཟད་རང་གཞན་གཉིས་ཕན་གྱི་བྱ་བ་བྱེད་པའི་གོ་སྐབས་ཀྱང་ཤོར་བ་འདིས་ང་ལ་བློ་ཕམ་ཆེན་པོར་བྱུང་། འབྲུག་ཨ་མི་ཏ་བྷ་རི་བོར་ཡོད་པའི་ངའི་བཙུན་རྣམས་ནས་རྐྱེན་འདས་ཕྱིན་པ་རྣམས་ཀྱི་ཆེད་བསྔོ་སྨོན་དང་རྨས་སྐྱོན་བྱུང་བ་ཚོ་མགྱོགས་མྱུར་དྲག་སྐྱེས་ཡོང་བའི་སྨོན་ལམ་བྱེད་བཞིན་ཡོད།

མྱ་ངན་སེམས་སྡུག་བྱེད་པ་དང་ཆབ་ཅིག་ང་ཚོས་གནས་ཚུལ་འདི་འདྲ་སྐྱར་བཟློས་མི་ཡོང་བའི་ཆེད་དོན་རྐྱེན་འདིའི་ཡོང་རྐྱེན་གང་ཡིན་ཤེས་དགོས་པ་གལ་ཆེན་པོ་ཡིན། འདི་ལ་ངས་སྤྱི་ཚོགས་ཀྱི་དྲག་ཆར་ཞེས་འབོད་རྒྱུ་ཡིན། ཁོར་ཡུག་ལ་གནོད་འཚེ་བྱུང་བའི་རྐྱེན་གྱིས་དྲག་ཆར་འབབ་པ་བཞིན་སྤྱི་ཚོགས་ཀྱི་དཀའ་ངལ་དང་བག་མེད་ཤེས་ཡོན་ལ་བརྟེན་ནས་བློ་ཕམ་འོས་པའི་གནས་ཚུལ་འདི་འདྲ་འབྱུང་བ་ཡིན། ལོ་ན་ཆུང་དུས་ནས་དགེ་མཚན་མེད་པའི་གནས་ཚུལ་དང་འཚེ་བའི་ལས་སྤྱོད་ཕྲུ་གུ་ཚོར་ཐེར་འདོན་བྱས་ཡོད་རེད། ཚོང་འགྲིམ་པོ་ཡོང་ཆེད་གློག་ཀླད་རྩེད་མོ་དང་གློག་བརྙན་ནང་དྲག་སྤྱོད་བསྟན་གྱི་ཡོད་པ་རེད།

དོན་རྐྱེན་འདི་ཚོ་ལས་ང་ཚོས་སེམས་ཅན་གཞན་དག་རྣམས་ཀྱང་སྡུག་བསྔལ་ཇི་ཙམ་མྱང་གི་ཡོད་ཤེས་དགོས། དེ་ཚོ་ལའང་ཁྱིམ་ཚང་ཡོད་རེད། ང་ཚོས་བདེ་སྡུག་མྱོང་བ་བཞིན་ཁོང་ཚོས་ཀྱང་བདེ་སྡུག་མྱོང་བ་ཡིན། འདི་ནས་ཤེས་ནས་ང་ཚོའི་བྱམས་སྙིང་རྗེའི་ནུས་མཐུ་བརྒྱ་ཆ་ ༡༥ ཙམ་ཞིག་ཉིན་ལྟར་ཟས་དང་གོས། ཆོས། དངོས་པོའི་དཔལ་ཡོན་ཆེད་གསོད་བཀོལ་བྱེད་པའི་སེམས་ཅན་དེ་ཚོའི་ཐོག་བེད་སྤྱོད་བྱེད་དགོས། སེམས་ཅན་གཞན་ལ་བརྩེ་བ་དང་དྲང་པོ་བྱེད་པ་ནི་སྙིང་རྗེ་ཉམས་སུ་ལེན་པ་ཙམ་མ་ཟད་རང་ཉིད་ལ་དེ་འདྲའི་སྡུག་བསྔལ་མི་འབྱུང་བའི་ཐབས་ཤིག་ཀྱང་ཡིན། དེ་འདྲའི་སྡུག་བསྔལ་མྱོང་འདོད་མེད་ན་ང་འཕྲལ་དུ་ཀུན་སློང་བཟང་བསྒྱུར་བྱས་ནས་འཚེ་བ་མེད་པའི་བློ་སྦྱང་ནས་འཚེ་བ་ཅན་གྱི་བྱ་སྤྱོད་འཕྲལ་དུ་མཚམས་འཇོག་བྱེད་དགོས།

ངས་སྐད་ཆ་འདི་མིའི་མཚན་ཉིད་ཀྱི་ཆ་ནས་བཤད་པ་ལས་ནང་པའི་ལྟ་སྒྲུབ་ཀྱི་ཕྱོགས་ནས་ཤོད་ཀྱི་མེད། མིའི་མཚན་ཉིད་དམ་རྣམ་དཔྱོད་མེད་ན་རྨོངས་པ་རེད་ཅེས་ལབ་ཆོག ང་ཚོ་མིའི་རིགས་ནི་སེམས་ཅན་གཞན་ལས་རྣམ་རིག་བཀྲ་བ་ཡོད་སྟབས་དེ་ཤེས་ནས་མི་ལས་ཐབས་སྡུག་པ་བྱེད་རྒྱུ་མེད། བློ་ཕམ་པ་ཞིག་ལ་དེང་སང་མི་རྣམས་ཀྱི་བྱེད་བབ་དེ་དུད་འགྲོ་ལས་ཀྱང་ཞན་པ་དང་། ཤ་ཟའི་སྲིན་པོ་ལས་ཀྱང་སྡུག་པ་འདུག རང་གི་ཕྲུ་གུ་སྤུན་མཆེད་གསོད་བཀོལ་བྱེད་པ་མཐོང་བཞིན་པའི་དུད་འགྲོ་དེ་ཚོར་སྡུག་བསྔལ་ཇི་ཙམ་ཞིག་ཡོད་བསམ་བློ་གཏོང་དང་། ང་ཚོར་སྡུག་བསྔལ་ཇི་ཙམ་ཡོད་པ་ཁོང་ཚོར་ཡང་ཡོད་རེད། ཁོང་ཚོར་འདམ་ག་མེད་ལ་དབང་ཆ་ཡང་མེད།

སེམས་ཅན་མང་པོ་ཞིག་ལ་དྲག་སྤྱོད་པ་ངོ་མ་དེ་ང་ཚོ་མིའི་རིགས་འདི་རེད་འདུག རང་གི་བདེ་བ་ཙམ་གྱི་ཆེད་དུ་ང་ཚོས་སེམས་ཅན་གཞན་གསོད་པ་དང་བཀོལ་སྤྱོད་བྱེད་ཀྱི་ཡོད། མཐོ་རིས་ཀྱི་སེམས་ཅན་ཞིག་ཡིན་པའི་ཆ་ནས་ང་ཚོས་སེམས་ཅན་གཞན་སྐྱོང་སྟངས་ཤེས་པ་བྱས་ནས་འཛམ་གླིང་ནང་གི་སེམས་ཅན་གཞན་གྱི་འཚོ་བ་ལེགས་བཅོས་ཐུབ་པ་བྱེད་དགོས། ང་ཚོ་འཛམ་གླིང་འདིའི་ནང་བརྩེ་བའི་ཆེད་ལས་སྡང་བའི་ཆེད་འཚོ་བ་མིན། ང་ཚོས་འཛམ་གླིང་ནང་གི་སེམས་ཅན་ཐམས་ཅད་བྱམས་དང་སྙིང་རྗེས་སྐྱོང་དགོས། འདི་འདྲ་བྱས་ན་ང་ཚོ་མིའི་མཚན་ཉིད་ཚང་བ་ཡོང་གི་རེད། ང་ཚོར་འཛམ་གླིང་འདི་ལོ་ངོ་ས་ཡ་མང་པོར་འཚོ་སྡོད་བྱེད་ཡུལ་བཟང་པོ་ཞིག་ཏུ་བསྐྲུན་རྒྱུའི་ལས་འགན་ཡོད། ང་ཚོས་རང་གི་ཐ་སྐོར་དུ་བྱུང་བཞིན་པའི་དངོས་ཡོད་གནས་ཚུལ་ཤེས་ཀྱི་མེད་མདོག་བྱས་ནས་སྡོད་ཐབས་མེད། ཉིན་གཅིག་ཡིད་སྐྱོའི་གནས་ཚུལ་འདི་འདྲ་ཞིག་ང་ཚོར་ཡང་ཡོང་སྲིད་པ་རེད། སྒེར་དང་སྤྱི་མཐུན་གྱི་ལས་དེ་ཡིན་ཤག་བྱེད་ཐབས་མེད། ང་ཚོ་བྱབ་ཆུང་བྱེད་རྒྱུ་མེད།

མདོར་ན། རྒྱལ་ཁབ་གཉིས་ནང་ཕྲུ་གུ་ཚོར་བྱུང་བའི་བྱུས་ཉེས་དེ་ལས་ང་ཚོས་སློབ་གསོ་བླང་དགོས། ངའི་གྲོགས་པོ་དང་སློབ་མ་ཚུད་པའི་མི་སེམས་པ་བཟང་པོ་མང་པོ་ཞིག་གིས་སྨོན་ལམ་འདེབས་བཞིན་ཡོད་རེད། གནས་ཚུལ་དེ་ཐོས་པ་ནས་བཟུང་ངས་ཀྱང་བསྔོ་བ་སྨོན་ལམ་བྱེད་བཞིན་ཡོད། འོན་ཀྱང་དེ་ཙམ་གྱིས་དོན་རྐྱེན་དེའི་འབྱུང་རྐྱེན་དེ་སེལ་ཐུབ་ཀྱི་མ་རེད། དཔྱད་པའི་བློ་གྲོས་ཁོ་ནས་རྒྱུ་རྐྱེན་གང་ཡིན་ལན་འདེབས་ཐུབ་པ་ཡིན། རྒྱུ་རྐྱེན་གྱི་དྲི་བར་ལན་འདེབས་བྱུང་ན་ང་ཚོའི་སྨོན་ལམ་འགྲུབ་ཀྱི་རེད་པ་ལས། དྲི་བར་ལན་འདེབས་མ་བྱུང་བར་སྨོན་ལམ་འགྲུབ་ཐབས་མེད།

དུད་འགྲོ་བཟང་སྤྱོད་ཀྱིས་སྐྱོང་བར་སྐུལ་མཁན་ PETA ཞེས་པའི་ཚོགས་པ་བཟང་པོ་ཞིག་གི་དྲྭ་གནས་ཐོག་གཤམ་གསལ་གནས་ཚུལ་འཁོད་འདུག་པ་ངས་འདིར་ངོ་བཤུས་བྱས་པར་འགལ་བ་མེད་ངེས་དང་། རང་གཞན་གཉིས་ཕན་ཆེད་ངས་རང་གི་སློབ་མ་དང་གྲོགས་པོ་ཚོར་རིམ་བཞིན་དཀར་ཟས་ཁོ་ན་སྤྱོད་དགོས་པའི་རེ་སྐུལ་འདེབས་བྱེད་རྒྱུ་ཡིན། སྡང་འཛིན་གྱིས་བརྩེ་དུང་སྤེལ་མི་ཐུབ་ལ་བྱམས་པས་སྡང་འཛིན་གཅོད་ཐུབ་པ་ཡིན།

  • ཀེ་ན་ཌའི་ལོ་རེའི་རྒྱ་མཚོའི་བ་གླང་གི་རྔོན་པ་བརྒྱག་འགོ་ཚུགས་ཡོད་པ་དེ་ནི་འཛམ་གླིང་ནུ་མ་སྣུན་པའི་མཚོ་གནས་སྲོག་ཆགས་རྔོན་བརྒྱག་རྒ་ཆེ་ཤོས་ཡིན་པ་དང་། དེའི་སྐབས་ཚོང་གི་ཆེད་དུ་མཚོ་གླང་བྱིས་པ་ཤ་སྟག་གསོད་བཟུང་བྱེད་ཀྱི་ཡོད། དཔྱིད་ཀ་བདུན་ཕྲག་དྲུག་ནས་བརྒྱད་ཀྱི་རིང་སེནྜ་ལོ་རེནྶ་ (St Lawrence) མཚོ་ཁུག་དང་། ནིའུ་ཕའོངྜ་ལེནྡ་དང་། ལེབ་ར་ཌཱོར་གྱི་ཤར་རྒྱུད་མཚོ་ངོགས་ཀྱི་འཁྱགས་ལངས་རྣམས་དམར་པོར་གྱུར་ཞིང་། མཚོ་གླང་བྱིས་པ་བདུན་ཕྲག་ ༢ ནས་ ༡༢ ལོན་པ་འབུམ་གསུམ་ཙམ་ཞིག་གསོད་པ་དང་འཁྱག་པའི་སྟེང་པགས་པ་བཤུ་བ་དང་། པགས་པ་བཤུས་ཟིན་པའི་ཕུང་པོ་དེ་དག་འཁྱག་པའི་སྟེང་དོར་བའམ་ཡང་ན་མཚོ་ནང་གཡུག་གི་ཡོད།
  • ཤ་མིག་དང་འདྲ་བར་སྡིག་སྲིན་རྣམས་ཆུ་ཁོལ་མའི་ནང་བླུགས་ཏེ་གསོན་པོར་བཙོ་བ་དང་། སྡིག་སྲིན་གྱིས་སྡུག་བསྔལ་ཅན་གྱི་འཆི་བ་ལས་མཐར་ཐབས་བྱས་རྐྱེན་སྡེར་མོ་རྣམས་ཆག་གི་ཡོད། ཟས་སུ་སྤྱོད་པའི་སྡིག་སྲིན་འགའ་ཞིག་དྲན་པ་ཡོད་པའི་སྐབས་གློག་སྐུལ་གྱིས་གསོད་པ་དང་། ཁ་ཅིག་དུམ་བུར་བཏུབ་པ། ཁ་ཅིག་གློག་ཐབ་ནང་བཙོ་བ་བཅས་བྱེད་ཀྱི་ཡོད།
  • མི་དང་ངདྲ་བར་ཤ་མིག་རྣམས་བྱིས་པའི་དུས་ཡུན་རིང་པོ་ཡོད་པ་དང་། དར་མའི་གནས་སྐབས་ཁོག་པོ་ཞིག་ཡོད། ང་ཚོ་དང་འདྲ་བར་མངལ་དུ་ཟླ་བ་དགུ་གནས་པ་དང་ཚེ་ཚད་ལོ་ ༡༠༠ ཙམ་འཚོ་ཐུབ། ཚོར་བ་སྐྱེན་ལ་སྤྱིར་བཏང་མ་ཡིན་པའི་སེམས་ཅན་འདི་རིགས་གསོད་སྟངས་སྙིང་རྗེ་ལྡན་པ་ཞིག་མེད།
  • བྱ་ཏེ་ནི་ས་སྟེའདི་ནང་བཀོལ་ཉེས་ཆེ་ཤོས་ཀྱི་དུད་འགྲོ་ཞིག་ཡིན། ས་ཐོག་གནས་པའི་སེམས་ཅན་ཐམས་ཅད་བསྡོམ་པ་ལས་ཟས་ཀྱི་ཆེད་དུ་བྱ་ཕྲུག་གསོས་བསད་བྱེད་པ་མང་བ་ཡོད།
  • ཨ་རིའི་ནང་བ་ཕྱུགས་ས་ཡ་ ༤༢ ཙམ་ཞིག་ལོ་ལྟར་ཤ་དང་འོ་མའི་ཆེད་སྲོག་ཤོར་གྱི་ཡོད། གཟེར་འཇོམས་ཀྱི་སྨན་གང་ཡང་མེད་པར་བེའུ་མང་པོ་ཆུང་དུས་ནས་ལྕགས་ཚ་པོས་རྟགས་བརྒྱབ་པ་དང་། རྭ་ཅོ་བཏུབ་པ་དང་། གླང་རྣམས་བྱ་གཅོད་པ་ཡིན། ཡར་སོན་པ་དང་ཁོ་ཚོ་གསོ་ཚགས་བྱེད་ཡུལ་ཆེན་པོ་ཉག་ཉོག་ཅན་དུ་བཏང་སྟེ། བཤའ་ཆེད་ཤ་རྒྱས་འཇུག་གི་ཡོད། མོ་ཕྱུགས་རྣམས་བཞོ་མ་གསོ་སྤེལ་ཁང་དུ་བཏང་སྟེ་ཡང་ཡང་མངལ་སྦྲུམ་བཅུག་ཞིང་། བེའུ་དང་ཁ་བྲལ་ནས་འཇོག་མཐར་བཤས་གཏོང་གི་ཡོད།
  • སེམས་ཅན་གཞན་དང་འདྲ་བར་མོ་ཕྱུགས་རྣམས་ཀྱིས་རང་གི་བེའུ་ལ་བརྩེ་དུང་ཆེན་པོ་བྱེད་ཅིང་། བཞོ་མ་སྤེལ་ཡུལ་དང་སྒོ་ཕྱུགས་གསོ་སྤེལ་ཁུལ་དུ་བེའུ་དང་ཁ་བྲལ་རྗེས་ཉིན་མང་པོར་ངུ་འབོད་བྱེད་ཀྱི་ཡོད་པ་རེད།
You are here: མདུན་ངོས། གསར་གནས། ༢༠༡༢ གསར་མཛོད། སྤྱི་ཚོགས་ཀྱི་དྲག་ཆར།